བོ་རོང་ཤིང་གཡུས་མི་ཚུ་གིས་ ཨོམ་འབག་འགྱོ་བའི་བསྒང་།

བོ་རོང་ཤིང་གཡུས་ཚན་གྱི་ འཁོར་ལམ་མེད་པའི་དཀའ་ངལ་ འཆར་གཞི་༡༢ པའི་ནང་ སེལ་ཚུགས་ནི།

༉ བསམ་གྲུབ་ལྗོངས་མཁར་ སྒོམ་དར་རྒེད་འོག་ བོ་རོང་ཤིང་གཡུས་མི་ཚུ་གིས་ དྲོ་པའི་ཆུ་ཚོད་༦ དེ་ཅིག་ལས་ གཡུས་མི་བ་བཞོ་ཡོད་མི་ཚུ་ལས་ ཨོམ་བསྡུ་ལེན་འབད་འབག་སྟེ་ རྒེད་འོག་ལྟེ་བའི་ འཁོར་ལམ་ཚུན་ བསྐྱལ་བར་འོངམ་ཨིན་པས།

དེ་ཡང་ གཡུས་ཚན་དེ་ནང་ ཨོམ་གྱི་ཐོན་སྐྱེད་ལེགས་ཤོམ་ཡོད་རུང་ འཁོར་ལམ་གྱི་ མཐུད་སྦྲེལ་མེད་མི་ལུ་བརྟེན་ དུས་ཡུན་ཆུ་ཚོད་ ཕྱེད་དང་༢ དེ་ཅིག་ རྐང་སྟོང་སྦེ་འོང་སྟེ་ ཉིན་མ་ཆུ་ཚོད་༡༠ དེ་ཅིག་ལུ་ རྒེད་འོག་ལྟེ་བའི་ འཁོར་ལམ་ཁར་ ལྷོདཔ་ཨིན་པས།

ཉིན་བསྟར་བཞིན་དུ་ ཨོམ་ལི་ཊར་༡༠༠ དེ་རེ་ ཐོན་སྐྱེད་འབད་ བོ་རོང་ཤིང་གཡུས་ཚན་ནང་ ཁྱིམ་གུང་པ་༢༥ དེ་ཅིག་ཡོདཔ་ད་ གཡུས་ཚན་དེ་ རྒེད་འོག་ལྟེ་བ་ལས་ ཀི་ལོ་མི་ཊར་༤ དེ་ཅིག་གི་ས་ཁར་  ཆགས་ཡོདཔ་ཨིན་པས།

སྐྱེས་ལོ་༧༠ ལང་མི་ བོ་རང་ཀི་གིས་ སླབ་དོ་བཟུམ་འབད་བ་ཅིན་ སྒོམ་དར་ཨོམ་ཚོང་འབྲེལ་སྡེ་ཚན་གྱི་ འཐུས་མི་འབདཝ་ལས་ དྲོ་པ་ཨ་རྟག་ར་ དགེ་འོག་ལྟེ་བ་ཚུན་ ཨོམ་བསྐྱལ་བར་ འོང་དོ་ཟེར་ཨིནམ་ད་ ཁོ་ར་ ལོ་ན་རྒས་མི་ལུ་བརྟེན་ དུས་ཡུན་ཆུ་ཚོད་ལས་བཅད་དེ་ རྐང་སྟོང་སྦེ་ ལམ་འགྱོ་ནི་དེ་  གདོང་ལེན་ཅན་ཅིག་ ཨིན་མས་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ཉིན་བསྟར་བཞིན་དུ་ ཨོམ་ལི་ཊར་༣ དང་༤ དེ་རེ་བཙོང་སྟེ་ ཟླཝ་༡ ནང་ འོང་འབབ་དངུལ་ཀྲམ་༢,༠༠༠ ལྷགཔ་རེ་ བཟོ་མི་གིས་ ནོར་སེམས་ཅན་གྱི་ཆག་དང་ བཟའ་འཐུང་གི་རིགས་ ཉོ་ཚོང་འཐབ་ནི་ལུ་ ཕན་ཐོགས་བྱུངམ་མས་ཟེར་ཨིན་པས།

སྐྱེས་ལོ་༤༥ ལང་མི་ ཚེ་དབང་རྒྱལ་མཚན་གྱིས་ སླབ་མིའི་ནང་ ཨོམ་གྱི་ཐོན་སྐྱེད་ ལེགས་ཤོམ་ཡོད་མི་ལུ་བརྟེན་ ཁྱིམ་གུང་པ་༡༨ ཀྱིས་ སྒོམ་དར་ཨོམ་ཚོང་འབྲེལ་སྡེ་ཚན་ཟེར་  འགོ་བཙུགས་ཅི་ཟེར་ཨིནམ་ད་ ཁོ་གིས་འབད་བ་ཅིན་ གཡུས་མི་ཚུ་ལུ་ ཨོམ་ཚོང་འབྲེལ་དེ་ འོང་འབབ་བཟོ་ནིའི་ ཐབས་ལམ་ངོ་མ་ཅིག་ཨིན་རུང་ འཁོར་ལམ་གྱི་ མཐུད་སྦྲེལ་མེདཔ་ལས་ ཨོམ་སྐྱེལ་འདྲེན་འབད་ནིའི་ནང་ གདོང་ལེན་སྦོམ་བྱུང་སྟེ་ སྡེ་ཚན་གྱི་ འཐུས་མི་ལ་ལོ་ཅིག་གིས་ བཤོལ་བཞག་འབད་མི་ལུ་བརྟེན་ རྒེད་འོག་ལུ་ རྩིས་སྤྲོད་འབད་ཡི་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ཨོམ་ལི་ཊར་རེ་ལུ་ དངུལ་ཀྲམ་༣༠ རེ་སྦེ་ བཙོངམ་ད་ ཟླཝ་༡ ནང་ འོང་འབབ་དངུལ་ཀྲམ་༣,༠༠༠ དང་༥,༠༠༠ གི་བར་ན་ བཟོ་ཚུགས་པའི་ཁར་ ཨོམ་གྱི་ཐོན་སྐྱེད་ལེ་ཤ་ཡོད་མི་ཚུ་གིས་ དངུལ་ཀྲམ་༡༠,༠༠༠ དེ་རེ་ ཡང་ བཟོ་ཚུགས་པས་ཟེར་ཨིན་པས།

གཡུས་མི་ཚུ་གིས་ ཁ་འཆམ་ཐོག་ལས་ མ་དངུལ་བསྡུ་ལེན་འབད་དེ་ ཁྱིམ་གུང་པ་༡༨ ཀྱིས་ འཁོར་ལམ་སེལ་ནི་ འགོ་བཙུགས་ཏེ་ ཀི་ལོ་མི་ཊར་༡ དེ་ཅིག་ སེལ་བའི་ཤུལ་ལུ་ མ་དངུལ་རྫོགས་སོཔ་ལས་ འཕྲོ་མཐུད་སེལ་མ་ཚུགས་པར་ལུས་ཡོདཔ་ཨིན་པས།

སྒོམ་དར་རྒཔོ་ བསོད་ནམས་ཚེ་དབང་གིས་ འབད་བ་ཅིན་ འཁོར་ལམ་འཕྲོ་མཐུད་སེལ་ནིའི་དོན་ལུ་ རྒེད་འོག་གིས་ མ་དངུལ་དུམ་གྲ་ཅིག་ བྱིན་ཡོད་རུང་ མ་དངུལ་དེ་གིས་ ལང་མི་ཚུགས་ནི་ཨིན་པའི་ ཚོད་རྩིས་བཏོན་ཏེ་ ལོག་རྒེད་འོག་ལུ་ སྤྲོད་དེ་ཟེར་ཨིན་པས།

ཨིན་རུང་ བོ་རོང་ཤིང་གཡུས་ཚན་ལས་ ཐོན་སྐྱེད་གཞན་ཡང་ ཚོད་བསྲེའི་རིགས་ཚུ་ཡོདཔ་ལས་ གཡུས་མི་ཚུ་ ཚོད་བསྲེ་འཛུགས་སྐྱོང་གི་ སེམས་ཤུགས་བསྐྱེད་བཅུག་ཐབས་ལུ་ འཆར་གཞི་༡༢ པའི་ནང་ འཁོར་ལམ་སེལ་ནིའི་དོན་ལས་ དངུལ་ཀྲམ་ས་ཡ་༤ དེ་ཅིག་གི་ འཆར་དངུལ་ཚུ་ བཞག་སྟེ་ཡོད་ཟེར་ རྒཔོ་གིས་ བཤདཔ་ཨིན་པའི་གནས་ཚུལ།

སྒོམ་དར་ལས་ སྐལ་བཟང་དབང་ཕྱུག།

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *