ཆུ་དུང་སྒོའི་རྩ་བར་ བཏོན་ཡོད་རུང་ ཆུ་འོང་ནི་མེད་པའི་ ཆུ་དུང་གི་ཁབ་ཏོ།

བེར་ཏི་མི་སེར་ཚུ་ལུ་ གཙང་སྦྲ་དང་ལྡན་པའི་ འཐུང་ཆུའི་ཐོབ་སྤྱོད་མེདཔ།

༉ འབྲུག་རྒྱལ་ཁབ་ཀྱི་ ས་གནས་མཐའ་དབུས་མེད་པའི་ གྲོང་གསེབ་ཚུ་ནང་ གཞི་རྟེན་མཐུན་རྐྱེན་ དཔེར་ན་ སློབ་གྲྭ་དང་ སྨན་ཁང་ འཁོར་ལམ་ གློག་མེ་ འཐུང་ཆུ་ལ་སོགས་པ་ཚུ་ མཁོ་སྤྲོད་འབད་དེ་ཡོད་རུང་ གཡུས་ཚན་ལ་ལོ་ཅིག་ནང་ གདོང་ལེན་སྦོམ་སྦེ་ར་ བྱུང་སྟེ་ཡོདཔ་ཨིན་པས།

དེ་ཡང་ གཞལམ་སྒང་རྫོང་ཁག་གི་གཡུས་ཚན་ བེར་ཏི་བཟུམ་ཅིག་ལུ་ ཆ་བཞག་པ་ཅིན་ གཡུས་ཚན་དེ་ མང་སྡེ་ཆུ་དང་ བེར་ཏི་གཙང་ཆུའི་ ཉེ་འདབས་ལུ་ ཆགས་ཏེ་ཡོདཔ་ཨིན་རུང་ མི་སེར་ཚུ་ལུ་ འཐུང་ཆུའི་མཐུན་རྐྱེན་ ཚུལ་ལྡན་སྦེ་ མ་ཐོབ་པར་འདུག།

དེ་གི་ནང་ལས་ ཕྱི་ཁའི་མི་ཚུ་ གཡུས་ཚན་དེ་ནང་འགྱོཝ་ད་ རང་དང་མཉམ་ འཐུང་ཆུ་འབག་མ་འགྱོ་བ་ཅིན་ ཁ་སྐོམ་གྱི་ སྡུག་བསྔལ་མྱོང་ནི་གི་ ཉེན་ཁ་ཡོདཔ་ད་ མ་གཞི་ ཆུ་དུང་གི་ མཆུ་ཏོ་ཚུ་ མཐོང་གསལ་བྱུངམ་ཨིན་རུང་ ཆུ་འཐོན་ས་དང་ བཀག་སའི་ཁབ་ཏོ་ ཕྱེ་བལྟ་བའི་སྐབས་ ཆུ་འཐོན་ནི་ཕར་བཞག་ ཆུ་དུང་སྐམ་ཡོདཔ་མ་ཚད་ ཨ་ལོ་ཚུ་གིས་ ཆུ་འོངམ་ད་ ཆུ་བཏང་བཞག་ནི་ལས་ བཀག་ཐབས་ལུ་ ཆུ་དུང་གི་ ཁབ་ཏོ་གུ་ ཟྭོ་ཆག་ཚུ་ བཀལ་བཞག་ནུག།

སྐྱེས་ལོ་༤༨ ལང་མི་ ལས་སྐྱིད་སྒྲོལ་མ་གིས་ སླབ་མིའི་ནང་ ཆུ་དུང་ནང་ལས་ ཆུ་འོང་ནི་མེད་པར་ རེ་ཚེ་སྐབས་ དུས་ཡུན་བདུན་ཕྲག་དང་ ཟླཝ་ལས་བཅད་དེ་ ལུས་ནི་ཡོདཔ་ལས་ འཐུང་ཆུའི་དཀའ་ངལ་སྦོམ་སྦེ་ར་ཡོདཔ་ཟེར་ཨིན་པས།

མོ་གིས་འབད་བ་ཅིན་ ཆུ་འོང་ནི་མེདཔ་ད་ གཡུས་ཁའི་མི་ཚུ་ ཆུ་དུང་བཟོ་བར་ འགྱོ་དགོཔ་བཞིན་དུ་ དེ་བསྒང་ ཉུང་ཤོས་ར་ མི་གཉིས་དེ་རེ་ འགྱོ་དགོཔ་ལས་ སོ་ནམ་གྱི་ ལཱ་ཚུ་ལུ་ ཐོ་ཕོགཔ་མས་ཟེར་ཨིན་པས།

ཁྱིམ་གུང་༢༦ ཡོད་མི་ བེར་ཏི་གཡུས་ཚན་དེ་ནང་ འཐུང་ཆུའི་དཀའ་ངལ་དེ་ གཙོ་བོ་ར་ ཆུ་རྐ་ལས་འཐེན་མི་ ཆུ་དུང་ཚུ་ རྙིངམ་ཐལ་མི་ལུ་བརྟེན་ འཕྲལ་འཕྲལ་ར་ རྦད་འགྱོ་ནི་དེ་གིས་ བྱུང་དོ་ཡོདཔ་ད་ ཆུ་དུང་ལས་ ཆུ་འོང་ནི་མེདཔ་ད་ བྱ་ཐབས་མེད་པར་ གཙང་ཆུ་དང་ ཞིང་ཆུའི་ཆུ་གཡུར་ལས་དབོག་སྟེ་ འཐུང་དགོཔ་ཐོནམ་མས་ཟེར་ གྲོང་གསེབ་མི་སེར་ཚུ་གིས་ བཤདཔ་ཨིན་པས།

སྐྱེས་ལོ་༦༩ ལང་མི་ བཀྲིས་དབང་མོ་གིས་ བཤད་མིའི་ནང་ ཆུའི་དཀའ་ངལ་ལུ་བརྟེན་ བཀབ་གོ་ལ་ཚུ་ ཆུ་གཡུར་ཚུ་ནང་ འཁྱུ་དོ་ཟེར་ཨིནམ་ད་ ཆུ་དུང་ནང་ལས་ ཆུ་འོངམ་ད་ ཚ་ངེར་བཏོན་ཏེ་ གྱིབ་དམ་སྟོངམ་ཚུ་ནང་ འདེགས་བཞག་ནི་ཡོད་ཟེར་ བཤདཔ་ཨིན་པས།

འཐུང་ཆུའི་དཀའ་ངལ་སྦོམ་ཤོས་ར་ ཆརཔ་རྐྱབ་པའི་སྐབས་ བྱུང་དོ་ཡོདཔ་ད་ ཀྲོང་རྒཔོ་ དབང་རྒྱལ་གྱིས་ བཤད་མིའི་ནང་ ཧེ་མ་འབད་བ་ཅིན་ གཡུས་ཚན་དེ་ནང་ འཐུང་ཆུའི་དཀའ་ངལ་མེདཔ་ཨིན་རུང་ ད་རེས་ མི་རློབས་དང་ ཁྱིམ་གུང་ཚུ་ ཡར་སེང་འགྱོ་མི་ལུ་བརྟེན་ དཀའ་ངལ་བྱུངམ་ཨིན་པས་ཟེར་ཨིན་པས།

རྒཔོ་དབང་རྒྱལ་གྱིས་འབད་བ་ཅིན་ མི་སེར་ཚུ་ལུ་ འཐུང་ཆུའི་རྐ་ གཞན་ཁ་ལས་ བལྟ་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ཨིནམ་ད་ ད་ལྟོའི་རྩིས་ལོ་ནང་ མ་དངུལ་མེདཔ་ཨིན་རུང་ གལ་སྲིད་ དཀའ་ངལ་དེ་ ཚབས་ཆེན་ཅིག་ལུ་ འགྱུར་བ་ཅིན་ ཐབས་ལམ་ཚུ་ བཏོན་འོང་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

གཞལམ་སྒང་ལས་ ཉི་མ་དབང་འདུས།

 

About admin

Check Also

ཆུའི་གཙོ་རིམ་ལས་འགུལ་ལུ་བརྟེན་ འཐུང་ཆུ་དང་ ཞིང་ཆུའི་དཀའ་ངལ་སེལ་ཐབས་འབད་ནི།

༉ བུམ་ཐང་ ཨུ་ར་རྒེད་འོག་ སྟངས་སི་སྦིས་སྤྱི་འོག་གི་ མི་སེར་ཚུ་ ཟླཝ་༣ གྱི་རྒྱབ་ལས་ ཨ་རྟག་བཟུམ་སྦེ་ ཆུའི་དཀའ་ངལ་མི་འབྱུང་ནི་ཨིན་མི་དེ་ཡང་ ཆུའི་གཙོ་རིམ་ལས་འགུལ་འོག་ གཞུང་དང་བདེ་སྲུང་མཉམ་འབྲེལ་ཐོག་ ཞིང་ཆུ་དང་འཐུང་ཆུའི་ལས་འགུལ་ འགོ་བཙུགས་ནི་དེ་གིས་ཨིན་པས། ཁ་ཙ་ ལས་འགུལ་གྱི་ …

Leave a Reply

Your email address will not be published. Required fields are marked *