བེར་སྟི་གཡུས་ཚན་ནང་ འགོ་དང་པ་ འཛུགས་སྐྱོང་འབད་མི་ ཨ་པའི་མགུ་ཏོ་ཚུ།

བེར་ཏི་གཡུས་ཚན་གྱིས་ འགོ་དང་པ་ ཨ་པའི་མགུ་ཏོ་ ཐོན་སྐྱེད་འབད་ནི།

༉ གཞལམ་སྒང་རྫོང་ཁག་ ཀྲོང་རྒེད་འོག་ བེར་ཏི་གཡུས་ཚན་གྱི་ ཨ་རིང་སྟོངམ་ཚུ་ནང་ ད་རེས་ནངས་པར་ སྔོ་ལྗང་ལྡན་པའི་ ལོ་ཐོག་ཚུ་བཏབ་ཡོདཔ་བཟུམ་སྦེ་ མཐོང་དོ་ཡོད་མི་དེ་ཡང་ དུས་ཅི་ གཡུས་ཚན་དེ་ནང་ མི་སེར་ཚུ་གིས་ ཨ་པའི་མགུ་ཏོ་ཚུ་ རྒྱ་ཆེ་དྲགས་སྦེ་ འཛུགས་སྐྱོང་འབད་མི་ལུ་བརྟེན་ཨིན་པས།

ད་རེས་ནངས་པར་ ཨ་པའི་མགུ་ཏོ་ཚུ་ ལེ་ཤ་ཅིག་ར་ བཏགས་ཡོདཔ་སྦེ་ མཐོང་དོ་ཡོདཔ་ཨིན་རུང་ དུམ་གྲ་ཅིག་ མ་འཚོ་བར་ཡོདཔ་ཨིན་པས།
སྐྱེས་ལོ་༣༣ འབད་མི་ པདྨ་བཟང་མོ་གིས་ སླབ་མིའི་ནང་ མ་གཞི་ གཡུས་ཚན་ནང་ ཨ་པའི་མགུ་ཏོ་ རྒྱ་ཆེ་དྲགས་སྦེ་ འཛུགས་སྐྱོང་འབད་ནི་དེ་ འགོ་དང་པ་ཨིནམ་ད་ རྡོག་མ་ལེགས་ཤོམ་སྦེ་ བཏགས་ཡོདཔ་ལས་ སེམས་དགའ་བས་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ མ་གཞི་ཁོང་གིས་ ན་ཧིང་ཡང་ དུམ་གྲ་ཅིག་ འཛུགས་སྐྱོང་འབད་ཡོདཔ་ཨིན་རུང་ རྡོག་མ་ལེགས་ཤོམ་སྦེ་ བཏགས་མ་བཏུབ་ཟེར་ཨིན་པས།
ན་ཧིང་འབད་བ་ཅིན་ རྒེད་འོག་སོ་ནམ་རྒྱ་བསྐྱེད་འགོ་དཔོན་གྱིས་ བགོ་བཀྲམ་འབད་མི་སོན་ཚུ་ རང་ར་སོ་སོར་སྦེ་ བཙུགས་ཡོདཔ་ཨིན་རུང་ ལ་ལོ་ཅིག་ནང་མ་གཏོགས་ སྐྱེས་མ་བཏུབ་ཟེར་ཨིན་པས།
སྐྱེས་ལོ་༥༢ འབད་མི་ ཆོས་ཉིད་དཔལ་སྒྲོན་གྱིས་ སླབ་མིའི་ནང་ ཨ་པའི་མགུ་ཏོ་ཚུ་ ཚོང་འབྲེལ་འཐབ་ནི་དང་ ག་དེམ་ཅིག་སྦེ་ བཙོང་མ་ཚུགས་པ་ཅིན་ སོ་ནམ་འགོདཔོན་ཚུ་ ཁོང་རང་གིས་འབད་ར་ འབག་ནི་སྦེ་ སླབ་སྟེ་ཡོད་ཟེར་ཨིན་པས།
ཏིང་ཏི་སྦིས་ སོ་ནམ་གོང་འཕེལ་ཞིབ་འཚོལ་ལྟེ་བའི་འགོ་དཔོན་ ཡེ་ཤེས་རྡོ་རྗེ་གིས་ སླབ་མིའི་ནང་ ཨ་པའི་མགུ་ཏོ་ འཛུགས་སྐྱོང་འབད་ནིའི་དོན་ལུ་ མོ་བཏབ་དེ་ ཞིབ་འཚོལ་ལྟེ་བའི་ནང་ ན་ཧིང་འབད་ཡི་ཟེར་ཨིནམ་ད་ དེ་བསྒང་ འོས་འབབ་ཡོདཔ་སྦེ་ མཐོང་མི་དང་འཁྲིལ་ དུས་ཅི་ མི་སར་ཚུ་གིས་ ཞིང་ནང་ འཛུགས་སྐྱོང་འབད་ཡི་ཟེར་ཨིན་པས།
འཛུགས་སྐྱོང་དེ་ཡང་ ཞིབ་འཚོལ་ལྟེ་བ་དང་ རྫོང་ཁག་སོ་ནམ་སྡེ་ཚན་གཉིས་ མཉམ་འབྲེལ་ཐོག་ལས་ འབད་ཡོདཔ་ད་ ལཱ་ཚུ་ མི་སེར་ཁོང་ར་གིས་ འབད་ཡོདཔ་ཨིན་རུང་ ཐབས་རིག་གི་རྒྱབ་སྐྱོར་དང་ ལྟ་རྟོག་ཚུ་ ལྟེ་བ་གིས་ འབད་དོ་ཡོདཔ་ཨིན་པས།
ཨ་པའི་མགུ་ཏོ་ཚུ་ སྤྱི་ཟླ་༦ པའི་ བདུན་ཕྲག་དང་པའི་ནང་ བསྡུ་ནི་ཨིན་པའི་གནས་ཚུལ།

བེར་སྟི་ལས་ ཉི་མ་དབང་འདུས།

About admin

Check Also

ཆུའི་གཙོ་རིམ་ལས་འགུལ་ལུ་བརྟེན་ འཐུང་ཆུ་དང་ ཞིང་ཆུའི་དཀའ་ངལ་སེལ་ཐབས་འབད་ནི།

༉ བུམ་ཐང་ ཨུ་ར་རྒེད་འོག་ སྟངས་སི་སྦིས་སྤྱི་འོག་གི་ མི་སེར་ཚུ་ ཟླཝ་༣ གྱི་རྒྱབ་ལས་ ཨ་རྟག་བཟུམ་སྦེ་ ཆུའི་དཀའ་ངལ་མི་འབྱུང་ནི་ཨིན་མི་དེ་ཡང་ ཆུའི་གཙོ་རིམ་ལས་འགུལ་འོག་ གཞུང་དང་བདེ་སྲུང་མཉམ་འབྲེལ་ཐོག་ ཞིང་ཆུ་དང་འཐུང་ཆུའི་ལས་འགུལ་ འགོ་བཙུགས་ནི་དེ་གིས་ཨིན་པས། ཁ་ཙ་ ལས་འགུལ་གྱི་ …

Leave a Reply

Your email address will not be published. Required fields are marked *