བེང་ཀོག་ལུ་ བྱང་སྟོར་ཤོར་མི་ ཐབ་ཚངཔ་གི་རྩོད་དོན་ ཁྲིམས་འདུན་ལུ་ལྷོད་ཡོདཔ།

༉ དུས་ཅི་ སྤྱི་ཟླ་དང་པའི་ནང་ སོ་ནམ་གྱི་ ལྟ་སྐོར་འབད་བར་ ཐའི་ལེནཌ་གི་རྒྱལ་ས་ བེང་ཀོག་ལུ་ སོང་པའི་སྐབས་ བྱང་སྟོར་ཤོར་མི་ འགྲམ་ཕུག་སློབ་གྲྭ་ལྟེ་བའི་ཐབ་ཚངཔ་ ཧར་ཀ་བྷ་དུར་སུ་བྷ་གིས་ སློབ་གྲྭའི་དབུ་འཛིན་ལུ་ ཉེས་འཛུགས་ཁག་༣ བཀལ་ཏེ་ རྩི་རང་རྫོང་ཁག་ཁྲིམས་འདུན་ལུ་ བཤེར་ཡིག་བཙུགས་ནུག།
བཤེར་ཡིག་དེ་ཡང་ རྩོད་རྩའི་ཁ་ཐུག་ལས་ ཁོ་གི་ནུ་གཅུང་ བཱལ་བྷ་དུར་སུ་བྷ་གིས་ བཙུགས་ཡོདཔ་ད་ ཁོ་གིས་ བཀོད་མིའི་ནང་ ཕོ་རྒནམ་དེ་ བེང་ཀོག་ལས་ ལོག་ཐོབ་སྟེ་ ཕམ་དང་སྤུན་ཆ་ལུ་ རྩིས་སྤྲོད་འབད་བའི་སྐབས་ ཁོ་ར་ན་སྟེ་ཡོདཔ་མ་ཚད་ སློབ་གྲྭའི་དབུ་འཛིན་གྱིས་ ལོག་ལཱ་གཡོག་ནང་ ངོས་ལེན་འབད་མ་བཏུབ་ཟེར་ ཁ་ཉེས་བཀལ་ནུག།
ཕོ་རྒནམ་དེ་ བེང་ཀོག་ལས་ ལྷོད་ཞིནམ་ལས་ འགྲམ་ཕུག་སྨན་ཁང་ནང་ སྨན་བཅོས་འབད་བར་ཁྱིད་པའི་ཤུལ་ལས་ ཐིམ་ཕུག་སྨན་ཁང་ནང་ བཏང་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཕོ་རྒནམ་དེ་ སྨན་བཅོས་འབད་ཞིནམ་ལས་ སྤྱི་ཟླ་༤ པའི་ནང་ ལོག་སློབ་གྲྭ་ནང་ ལཱ་འཕྲོ་མཐུད་འབད་ནི་གི་དོན་ལུ་ སོང་ཡོད་རུང་ དབུ་འཛིན་དེ་གིས་ ཁོ་ར་ ལཱ་འབད་མི་དགོ་ཟེར་སླབ་སྟེ་ རྫོང་ཁག་ཤེས་རིག་འགོ་དཔོན་དང་གཅིག་ཁར་ ཕྱད་པར་སོང་ཟེར་ བཏང་ནུག་ཟེར་ཨིན་པས།
རྫོང་ཁག་ཤེས་རིག་འགོ་དཔོན་གྱིས་ ཧར་ཀ་བྷ་དུར་སུ་བྷ་དེ་ སྔར་ག་ཨིནམ་སྦེ་ ལཱ་འབད་དགོཔ་སྦེ་ སླབ་ཡོད་རུང་ དབུ་འཛིན་གྱིས་ ངོས་ལེན་མ་འབད་བར་ ལཱ་གཡོག་ནང་ལས་ བཏོན་བཏང་ཡོད་པའི་ ཡིག་ཚང་བཀའ་རྒྱ་ཅིག་ སྤྱི་ཟླ་༣ པའི་ཚེས་༣ ལུ་བཏོན་ནུག་ཟེར་ཨིན་པས།
ད་རུང་ ཕོ་རྒནམ་གིས་ ཤེས་རིག་འགོ་དཔོན་འབད་སར་སོངམ་ད་ དེ་བསྒང་ཡང་ ལཱ་འཕྲོ་མཐུད་དེ་ར་འབད་ཟེར་ སླབ་ཡོདཔ་མ་ཚད་ སྤྱི་ཟླ་༥ པའི་ཚེས་༣ ལུ་ རྫོང་ཁག་མི་སྟོབས་འགོ་དཔོན་གྱིས་ ཧར་ཀ་བྷ་དུར་ཁོ་ར་ ཧེ་མ་ག་ཨིནམ་སྦེ་ ལཱ་འཕྲོ་མཐུད་ འབད་ཆོག་ཟེར་ བཀའ་རྒྱ་བཏོན་རུང་ དབུ་འཛིན་ལས་ ངོས་ལེན་འབད་མ་བཏུབ་ལས་ མི་ཉམ་ཆུང་ལུ་ བརྡབ་གསིག་འབད་མི་དེ་ གནད་དོན་ག་ཅི་ཨིན་ན་ཟེར་ ཁྲིམས་འདུན་ལས་ དབྱེ་ཞིབ་གནང་དགོཔ་སྦེ་ ནུ་གཅུང་གིས་ བཤེར་ཡིག་ནང་བཀོད་ནུག།
འགྲམ་ཕུག་སློབ་གྲྭ་ལྟེ་བའི་ སློབ་དཔོན་༧ དང་ རྒྱབ་སྐྱོར་ལས་བྱེདཔ་༣ བེང་ཀོག་ལུ་ སོ་ནམ་གྱི་ ལྟ་སྐོར་ལུ་ སོང་ཡོདཔ་ད་ དེ་བསྒང་ ཧར་ཀ་བྷ་དུར་སུ་བྷ་དེ་ བེང་ཀོག་ལུ་ ཉིན་གྲངས་༩ གི་རིང་ གར་སོང་མེད་པར་ བྱང་ཡོདཔ་ཨིན་པས།
ནུ་གཅུང་གིས་འབད་བ་ཅིན་ ཕོ་རྒནམ་དེ་ སློབ་གྲྭའི་ཐབ་ཚང་པ་ཅིག་རུང་ དབུ་འཛིན་གྱིས་ ཤེས་བཞིན་དུ་ ཤེས་ཚད་མེད་མི་མི་དེ་ སོ་ནམ་སློབ་དཔོན་ཨིན་ཟེར་བཟོ་སྟེ་ ཕྱི་རྒྱལ་ལུ་ ཁྱིད་སོང་ཡོདཔ་ཨིན་ན་ ཧ་གོ་མ་ཚུགས་ཟེར་ཨིན་པས།
བཱལ་བྷ་དུར་སུ་བྷ་གིས་ སླབ་མིའི་ནང་ ཁོ་གི་ཕོ་རྒནམ་དེ་ རྒྱལ་ཁབ་ནང་ལས་ ཁྱིད་སོང་བའི་སྐབས་ གནས་སྟངས་ལེགས་ཤོམ་ཡོད་རུང་ ལོག་ལྷོདཔ་ད་ མགུ་ཏོ་དང་གཟུགས་ཁར་ རྨ་སྐྱོན་ཡོདཔ་མ་ཚད་ མཆན་ལོགས་ཀྱི་ རྩིབ་སྒྲོ་༢ བཅག་དཀྲུམས་འབད་ནུག་ཟེར་ ཁ་ཉེས་བཀལ་ནུག།
དབུ་འཛིན་གྱི་ ཁ་ཐུག་ལས་ བརྒལ་ལན་དེ་ རེས་གཟའ་མིག་དམར་ལུ་ ཕུལ་ནི་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *