༉ དགེ་ལེགས་ཕུག་གི་ས་གནས་ བུར་ལུ་ བཟའ་གྲོགས་གཅིག་གིས་ ཁོང་རའི་ སྡོད་ཁྱིམ་གྱི་ ཉེ་འདབས་ལུ་ ལྕངམ་འཛུགས་སྐྱོང་ཁང་ཅིག་ནང་ མེ་ཏོག་དང་ སྔོ་ཤིང་གི་ལྕངམ་བཙུགས་ཡོད་མི་ མེ་ཏོག་རྫམ་ ལེ་ཤ་མཐོང་ནི་ཡོད་མི་ལས་ བཱོན་སའི་ཟེར་མི་ ཤིང་གི་ཞལ་ལག་ཚུ་ སྦོམ་འགྱོ་མ་བཅུག་པར་ ཐུང་ཀུ་སྦེ་ གསོ་སྐྱོང་འཐབ་མི་དེ་ རྒྱལ་ཁབ་ནང་ དང་པ་ཨིན་པས།
བིར་ཁ་བྷ་དུར་གུ་རུང་དང་ ཁོ་གི་ གནས་ཚང་གིས་ སྤྱི་ལོ་༢༠༡༥ ལས་ བཱོན་སའི་བཟོ་ནི་ འགོ་བཙུགས་ཏེ་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ བཱོན་སའི་སྐྱེ་ཤིང་་༤༠༠ དེ་ཅིག་བཟོ་ཡོདཔ་ད་ དེ་ཡང་ ཁོ་གི་ ཆ་རོགས་ཅིག་གིས་ ལོ་ངོ་༡༠ གྱི་ཧེ་མར་ བཱོན་སའི་བཟོ་ཐངས་སྐོར་ལས་ ལྷབ་བཅུག་པའི་ཤུལ་ལས་ སྐྱེ་ཤིང་འཛུགས་སྐྱོང་ཐོག་ ཚོང་འབྲེལ་འཐབ་ནི་ལུ་ སེམས་ཤུགས་བྱུང་ཡོདཔ་ཨིན་པས།
བཟའ་གྲོགས་ཀྱིས་ ཁོང་རའི་ ཤིང་གི་ལྕང་སོན་ནང་ པི་པཱལ་ཟེར་མི་ བྱང་ཆུབ་ཤིང་གི་ལྕང་སོན་བཙུགས་ཏེ་ཡོདཔ་མ་ཚད་ སྐྱེ་ཤིང་གཞན་ལེ་ཤ་ཅིག་ར་ འཛུགས་སྐྱོང་འབད་དེ་འདུག།
བིར་ཁ་གིས་ སླབ་མིའི་ནང་ བཱོན་སའི་བཟོ་ནི་དེ་ རྒྱལ་ཁབ་ནང་ གསརཔ་ཨིནམ་ལས་ མི་མང་ཤོས་ཅིག་གིས་ དེ་གི་སྐོར་ལས་ མི་ཤེས་པས་ཟེར་ཨིནམ་ད བཱོན་སའི་བཟོཝ་ད་ ཆ་རོགས་འབད་ནི་མེད་པ་ཅིན་ མི་གཅིག་གིས་ འབད་མི་ཚུགས་ནི་ཨིནམ་ལས་ ཨ་རྟག་ར་ ཁོ་ལུ་ གནས་ཚང་གིས་ བཱོན་སའི་བཟོ་ནི་ལུ་ ཆ་རོགས་འབད་དོ་ཟེར་ཨིན་པས།
བཱོན་སའི་བཟོ་བའི་སྐབས་ལུ་ ཤིང་གི་དབྱིབས་ཚུ་ བྱ་མཆིས་ཆི་འོང་ནི་གི་དོན་ལུ་ གནས་སྐབས་དང་ རིག་རྩལ་ལེགས་ཤོམ་དགོ་པས་ཟེར་ ཁོ་གིས་ བཤད་པའི་ཁར་ ཤིང་གི་ཁ་གསལ་ཚུ་ ལེགས་ཤོམ་སྦེ་ ཤེས་པ་ཅིན་ བཱོན་སའི་ལེགས་ཤོམ་བཟོ་ཚུགས་པས་ཟེར་ བཤདཔ་ཨིན་པས།
བིར་ཁ་གིས་འབད་བ་ཅིན་ ལོ་ངོ་༡༧ དེ་ཅིག་གི་རིང་ སློབ་དཔོན་སྦེ་ ཕྱག་ཞུ་ཡོདཔ་ད་ མེ་ཏོག་དང་ ལྡུམ་ར་ནང་ ལཱ་འབད་ནི་དེ་ ཁོ་རའི་སྤྲོ་བ་ཅིག་ཨིན་ཟར་ཨིན་པས།
བིར་ཁ་བྷ་དུར་གྱི་ གནས་ཚང་གིས་ བདུན་ཕྲག་ངལ་གསོ་ནང་མ་གཏོགས་ གཞན་ཨ་རྟག་ར་ ལྕངམ་འཛུགས་སྐྱོང་འཐབ་ནིའི་ ལཱ་འབད་དོ་ཡོདཔ་ཨིན་རུང་ བདུན་མཐའི་སྐབས་ལུ་ ཁོང་གཉིས་ཆ་ར་གིས་ བཱོན་སའི་བཟོ་དོ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༧ ཟླ་༢ པའི་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཁོང་གི་ལྕངམ་འཛུགས་སྐྱོང་ཁང་ནང་ ཆིབས་སྐྱོད་གནངམ་ལས་ འདི་བཟུམ་མའི་ ལཱ་འབད་ནི་གི་ སེམས་ཤུགས་ཐེབས་ཐོབ་ཅི་ཟེར་ བིར་ཁ་བྷ་དུར་གྱིས་ བཤདཔ་ཨིན་པས།
ད་ལྟོ་ ཁོང་བཟའ་ཚང་གཉིས་ཀྱིས་ རྡོ་གུ་ཤིང་གི་ ར་ཏོག་ཚུ་ སྐྱེས་དོ་བཟུམ་སྦེ་ བཟོ་དོ་ཡོདཔ་ད་ ཁོང་གིས་ ཐབས་རིག་དང་ རིག་རྩལ་ཚ་ ཡོངས་འབྲེལ་ཡུ་ཊུབ་ནང་ལས་བལྟ་སྟེ་ ལག་ལེན་འཐབ་ཨིན་པས།
བཱོན་སའི་བཟོ་ནི་གི་དོན་ལུ་ དམིགས་བསལ་གྱི་ ལག་ཆ་དང་ སྦྱོར་བརྡར་ཚུ་ མེད་མི་ལུ་བརྟེན་ དཀའ་ངལ་ཨ་ཙི་རེ་བྱུངམ་མས་ཟེར་ གནས་ཚང་ཀ་བི་ཏ་གུ་རུང་གིས་ བཤདཔ་ཨིན་པས།
ད་ལྟོ་ རྒྱལ་ཁབ་ནང་ བཱོན་སའི་སྐོར་ལས་ ཧ་གོ་མི་ མངམ་མེད་ནི་དེ་གིས་ མཁོ་མངགས་འབད་མི་ཡང་ མངམ་མིན་འདུག་ཟེར་ཨིན་པས།
ཁོང་གིས་ ཐིམ་ཕུག་དང་ སྤུ་ན་ཁ་ལུ་ མེ་ཏོག་གི་ འགྲེམས་སྟོན་འགོ་འདྲེན་འཐབ་པའི་སྐབས་ལུ་ཡང་ བཱོན་སའི་གསལ་སྟོན་འབད་བའི་ཤུལ་ལུ་ མི་ཚུ་གིས་ དེ་གི་སྐོར་ལས་ ཧ་གོ་ནི་ལུ་ ལྷན་ཐབས་བྱུང་ཡོདཔ་ཨིན་པས།
ད་ལྟོ་ཚུན་ཚོད་ ཁོང་གིས་ བཱོན་སའི་༡༥ དེ་ཅིག་ བཙོང་ཡོད་མི་ལས་ གོང་ཚད་མཐོ་ཤོས་ར་ བཱོན་སའི་རྙིང་ཤོས་ལས་ དངུལ་ཀྲམ་༡༣,༠༠༠ སྦེ་བཙོང་ནུག།
ཁོང་གིས་ ལོ་ངོ་༣ དེ་ཅིག་ལང་མི་ བཱོན་སའི་ཚུ་ བཙོང་དོ་ཡོད་མི་དེ་ཡང་ ཤིང་མི་ཤི་ནི་གི་ ངེས་བརྟན་བཟོ་ཐབས་ལུ་ཨིན་པའི་གནས་ཚུལ།
སྐད་སྒྱུར་ ཡེ་ཤེས་སྒྲོལ་མ།