༉ དགེ་ལེགས་ཕུག་ བུར་གཡུས་ཚན་ནང་ ཉི་མའི་ཚ་དྲོད་ག་དེ་ཅིག་ར་ཡོད་རུང་ སྐྱེས་ལོ་༣༡ ལང་མི་ ཀ་མ་ན་ གུ་རུང་དེ་ སེམས་དཔའ་མ་ཞུམ་པར་ སོ་ནམ་གྱི་ ལཱ་འབད་སར་ མཐོང་གསལ་བྱུངམ་ཨིན་པས།
ཀ་མ་ན་གིས་ ཁོ་གི་ས་ཞིང་ ཨེ་ཀར་༡ དེ་ཅིག་འབད་མིའི་ནང་ ཡོང་ལྒ་འཛུགས་སྐྱོང་འབད་དེ་ཡོད་མི་དེ་ཡང་ མོ་གི་དོན་ལུ་ སོ་ནམ་ལཱ་གསརཔ་ཅིག་ཨིནམ་ད་ ཡོང་ལྒ་དེ་ འཛུགས་སྐྱོང་འབད་བའི་སྐབས་ ས་ཞིང་གི་བཅུད་ མེདཔ་བཞོ་དོ་ཡོདཔ་ལས་ འཛུགས་སྐྱོང་འབད་མི་ མངམ་མེདཔ་ཨིན་པས།
འདས་པའི་ཟླ་༣ གྱི་ཤུལ་ལས་ ཀ་མ་ན་དང་ མོ་རའི་རྨགཔ་དེ་ གཡུས་སྒོ་ཚུ་ནང་ ཡོང་ལྒ་བཀོག་བཏང་མི་ཚུ་ བསྡུ་བསྒྱོམ་འབད་བར་ སོང་ཡོདཔ་ད་ ཁོང་༢ ཀྱིས་ སོ་ནམ་པ་ཚུ་གིས་ ཚོང་འབྲེལ་འཐབ་པའི་སྐབས་ གསར་སྤང་གི་གཡས་གཡུས་ནང་ གོང་ཚད་ལེགས་ཤོམ་ མ་ཐོབ་མི་ལུ་བརྟེན་ ཡོང་ལྒ་ལེ་ཤ་ བཀོག་བཏང་ཡོད་པའི་ མངོན་གསལ་བྱུང་ནུག།
ད་རེས་ནངས་པར་ ཡོང་ལྒ་བཙོངམ་ད་ གོང་ཚད་ལེགས་ཤོམ་མི་ཐོབ་དོ་ཡོད་རུང་ རྫས་སྦྱོར་ལེགས་ཤོམ་ཅིག་ཨིན་ཟེར་ ཀ་མ་ན་གིས་ བཤད་པའི་ཁར་ རྒྱལ་ཁབ་ནང་ཡོད་མི་ ཡོང་ལྒ་ཕྱེ་ཚུ་ རྒྱ་གར་ལས་ ནང་འདྲེན་འབད་མི་ཚུ་ཨིནམ་ལས་ ནང་འདྲེན་གྱི་ཚབ་ལུ་ རྒྱལ་ཁབ་ནང་ དར་ཁྱབ་གཏང་ནིའི་དོན་ལུ་ དམིགས་གཏད་བསྐྱེད་དོ་ཟེར་ བཤདཔ་ཨིན་པས།
མོ་གིས་འབད་བ་ཅིན་ ཡོང་ལྒ་འཛུགས་སྐྱོང་དེ་ སོ་ནམ་ལཱ་གཞན་ཚུ་གི་གྲས་ལས་ འཇམ་ཏོང་ཏོ་ཅིག་ཨིནམ་ད་ མོ་གིས་ ད་རེས་ ས་ཞིང་ཨེ་ཀར་ཅིག་ནང་ ཡོང་ལྒ་ཀེ་ཇི་༨༠༠ དེ་ཅིག་ འཛུགས་སྐྱོང་འབད་དེ་ཡོདཔ་ཨིན་པས།
ཡོང་ལྒ་དེ་ བཞེས་སྒོ་དང་ ཚོདམ་གི་དོན་ལུ་ རྫས་སྦྱོར་ཅིག་སྦེ་ ལག་ལེན་འཐབ་མི་གིས་མ་དོ་བར་ ཡོང་ལྒ་ཕྱེ་དེ་ བཟོ་བཟོ་ནིའི་དོན་ལུ་ཡང་ མཁོ་འདོད་བཀོད་མི་ ཡར་འཕར་སོང་སྟེ་ཡོདཔ་ད་ གཟུགས་གདོང་དབུར་ནིའི་དོན་ལུ་ ཡོང་ལྒ་ཕྱེ་དང་གཅིག་ཁར་ ཕྱེ་གཞན་ཚུ་དང་ ཨོམ་སླ་བསྲེ་སྟེ་ བཟོ་དོ་ཟེར་ དགེ་ལུགས་ཕུག་ལུ་སྡོད་མི་ ལི་ལ་གིས་ བཤདཔ་ཨིན་པས།
མ་གཞི་ མོ་ར་ ཐོན་སྐྱེད་ཀྱི་ ཚོང་འབྲེལ་འབད་མི་ཅིག་མེན་རུང་ ཡོང་ལྒ་གི་ཕྱེ་ཚུ་ ཤོག་སྒམ་རྐྱབ་སྟེ་ བཙོང་ནིའི་འཆར་གཞི་ཡོད་ཟེར་ བཤད་ཡོདཔ་ད་ ཡོང་ལྒ་དེ་ཡང་ སྤྱི་ཟླ་༩ པ་དང་༡༠ པའི་ནང་ བསྡུ་དོ་ཡོདཔ་ཨིན་པས།
ཀ་མ་ན་གིས་ སླབ་མིའི་ནང་ ཡོང་ལྒ་གིས་མ་ཚད་པར་ སྨན་གྱི་ནུས་པ་ ལེགས་ཤོམ་ཡོད་མི་ མོ་རིང་ག་ཇ་རིལ་ཡང་ བཟོ་དོ་ཟེར་ཨིནམ་ད་ མོ་རིང་ག་ཇ་རིལ་བཟོ་ནི་གི་ བྱ་རིམ་ཡང་ ལེ་ཤ་ཡོད་ཟེར་ཨིན་པས།
ཇ་རིལ་དེ་ཡང་ ག་རམ་༥༠ འབད་མི་ ཤོག་སྒམ་རེ་ལུ་ དངུལ་ཀྲམ་༢༥༠ རེ་སྦེ་ བཙོང་དོ་ཡོདཔ་ད་ མོ་རའི་ཞིང་ནང་ ད་རེས་ ཇ་གི་ལྕངམ་༡༥ དེ་ཅིག་ བཙུགས་ཏེ་ཡོདཔ་ཨིན་པས།
ཀ་མ་ན་གི་ སོ་ནམ་ཞིང་ལཱ་ ཡར་སེང་འབད་ནིའི་དོན་ལུ་ གཙོ་རིམ་ལས་སྡེ་སྐྱིན་འགྲུལ་ ཆ་འཇོག་འགྲུབ་ནི་ལུ་ སྒུག་སྟེ་ཡོདཔ་ད་ གལ་སྲིད་ སོ་ནམ་ལཱ་འབད་ཚུགས་པ་ཅིན་ ཡིག་ཚང་ལཱ་ལས་ སོ་ནམ་གྱི་ ལཱ་དེ་ར་ ཁེ་ཕན་ཆེ་བས་ཟེར་ མོ་གིས་ བཤདཔ་ཨིན་པས།
མོ་གིས་འབད་བ་ཅིན་ མོ་རའི་རྨགཔ་གིས་ རྒྱབ་སྐྱོར་ལུ་བརྟེན་ ཡོང་ལྒ་དེ་ རྒྱ་ཆེ་དྲགས་སྦེ་ འཛུགས་སྐྱོང་འབད་དེ་ཡོདཔ་བཞིན་དུ་ ད་རེས་ནངས་པར་ བཟའ་ཚང་གིས་ ཚོད་བསྲེའི་ལཱ་ཚུ་ཡང་ འབདཝ་ཨིན་པའི་གནས་ཚུལ།
སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།