༉ དུས་ནི་མི་འགྱུར་མི་རྣམས་འགྱུར་བ།ཟེར་ སླབ་སྲོལ་ཡོདཔ་བཟུམ་སྦེ་ མི་ཚུ་གི་ བྱ་བ་སྤྱོད་ལམ་ཚུ་ འགྱུར་འགྱོ་མི་ལུ་བརྟེན་ འཛམ་གླིང་རྒྱལ་ཁབ་ཚུ་ནང་རྐྱངམ་གཅིག་མེན་པར་ འབྲུག་རྒྱལ་ཁབ་ནང་ཡང་ ཉེས་ལས་གཞན་ཚུ་ མ་བརྩིས་བར་ བུམོ་དང་ཨམ་སྲུ་ཚུ་ལུ་ རྩུབ་སྤྱོད་དང་ དབང་བཙོང་འདོད་སྤྱོད་འབད་བའི་ དཀའ་ངལ་དེ་ རྒྱལ་ཡོངས་ཀྱི་ ཚ་གྱང་ཅིག་ལུ་ གྱུར་ཏེ་ཡོདཔ་ཨིན།
ཧེ་མ་འབད་བ་ཅིན་ ང་བཅས་རའི་བུམོ་དང་ ཨམ་སྲུ་ཚུ་ལུ་ ཉེན་སྲུང་ཡོདཔ་མ་ཚད་ གུས་ཞབས་དང་ བརྩི་མཐོང་སྦོམ་ཡོད་རུང་ ད་རེས་ནངས་པར་ མི་རྣམས་གྱུར་མི་ལུ་བརྟེན་ ཉེས་མེད་བུམོ་དང་ ཨམ་སྲུ་ཚུ་ ཉེན་སྲུང་མེད་པའི་ གནས་སྟངས་དང་ འཇིགས་སྣང་ཐོག་ལུ་ སྡོད་དགོཔ་བྱུང་མི་ལུ་ལྟཝ་ད་ ཞི་བདེ་དང་ སྐྱིད་ཉམས་ལྡན་པའི་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ རྒྱལ་ཁབ་ཟེར་ འཛམ་གླིང་ནང་ སྙན་གྲགས་ཐོན་ཡོད་མི་དང་ རྒྱབ་འགལ་འགྱོ་བའི་ མཐོང་སྣང་བྱུངམ་མས།
དེ་ཡང་ འཕྲལ་གྱི་བྱུང་རྐྱེན་ལུ་ གཞི་བཞག་པ་ཅིན་ ཐིམ་ཕུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ གཤག་བཅོས་ཁང་མིག་གི་ འཕྲུལ་ལསཔ་ཅིག་གིས་ ནད་གཡོག་རྒྱུག་མི་ ཨམ་སྲུ་སྐྱེས་ལོ་༣༠ ལང་མི་དེ་ ཁྲག་བརྟག་དཔྱད་ཀྱི་དོན་ལུ་འབོ་སྟེ་ དྲན་ཉམས་སྨན་ཁབ་བཙུགས་པའི་ཤུལ་ལས་ དབང་བཙོང་འདོད་སྤྱོད་འབད་ཡོད་པའི་ ལོ་རྒྱུས་གོཝ་ད་ མི་མང་ལུ་ རྣམ་རྟོག་ལང་དགོཔ་བྱུང་ནུག།
མ་གཞི་ ད་ལྟོ་ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་ཡོད་མི་ འཕྲུལ་ལསཔ་དེ་གིས་ ཨམ་སྲུ་དེ་དང་ མོས་མཐུན་ཐོག་ལས་ འདོད་སྤྱོད་འབད་ཡོདཔ་མ་ཚད་ དྲན་ཉམས་ཀྱི་ སྨན་ཁབ་བཙུགས་ཡོད་པའི་ རྫུན་ཁ་བཟེད་ཡོད་རུང་ མི་མང་ལུ་ ཞབས་ཏོག་མཁོ་སྤྲོད་འབད་མི་ སྨན་ཁང་ནང་ ཉེན་སྲུང་མེད་པའི་ མངོན་གསལ་བྱུངམ་ཨིན་མས།
ད་རུང་ ཨ་ལོའི་ཕམ་དང་ སྤྱིར་བཏང་མི་མང་ལུ་ ཁོང་ཁྲོ་དང་ ཚ་གྱང་ལང་དགོཔ་ བྱུང་མི་དེ་ཡང་ ཐིམ་ཕུག་ལུ་ སྒེར་གྱི་སློབ་གྲྭ་ཆུང་བ་ཅིག་གི་ དབུ་འཛིན་འོག་མ་གིས་ སྐྱེས་ལོ་༡༡ ལས་༡༥ འི་བར་ན་འབད་མི་ སློབ་ཕྲུག་བུམོ་༩ ལུ་ འདོད་སྤྱོད་ཀྱི་ གནོད་འཚེ་འབད་བའི་གནད་ལས་ དོགས་པ་ཅན་དེ་ འཛིན་བཟུང་འབད་ནུག།
སློབ་དཔོན་ཚུ་གིས་ རང་སོའི་ཀུན་སྤྱོད་རྣམ་གཞག་ལས་འདས་པའི་ བྱ་ངན་འཐབ་མི་དེ་ རྒྱུ་རྐྱེན་ག་ཅི་ཨིན་ན་ ཞིབ་འཇུག་འབད་དགོཔ་ཡོད་མི་དེ་ཡང་ སྦྱིས་མེད་ནང་སློབ་གྲྭའི་ སློབ་ཕྲུག་བུམོ་ཚུ་ལུ་ འཇིགས་སྣང་བྱུང་དོ་བཟུམ་ དགེ་ལེགས་ཕུག་ལུ་ཡང་ སློབ་དཔོན་ཅིག་གིས་ སྤྱི་ལོ་༢༠༡༧ ལུ་ སྐྱེས་ལོ་༡༢ ལས་༡༤ གི་བར་ན་འབད་མི་ སློབ་ཕྲུག་བུམོ་དག་པ་ཅིག་ལུ་ དབང་བཙོང་འདོད་སྤྱོད་དང་ གནོད་འཚེ་འབད་ནི་གི་ དཔའ་བཅམ་མི་ལུ་བརྟེན་ སྐྱེས་ལོ་༣༡ ལང་མི་ སློབ་དཔོན་དེ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ དུས་ཅི་སྤྱི་ཟླ་༢ པའི་ནང་ ཁྲིམས་འདུན་ལུ་ ཉེས་འཛུགས་འབད་ནུག།
ཁྲིམས་སྲུང་འགག་སྡེ་ལས་ དུས་ཐོག་གནས་སྡུད་ཐོབ་མ་ཚུགས་རུང་ སྤྱི་ལོ་༢༠༡༧ ཟླ་༡ པ་ལས་༧ པའི་ཚེས་༣༡ ཚུན་གྱི་ གནས་ཐོ་དང་འཁྲིལཝ་ད་ དབང་བཙོང་འདོད་སྤྱོད་ཀྱི་ རྩོད་དོན་༢༢ ཐོན་ཡོད་མི་ལས་༡༢ སྐྱེས་ལོ་༡༨ ཡན་ཆད་འབད་མི་ ཨམ་སྲུ་ཚུ་ཨིནམ་ད་ དབང་བཙོང་འདོད་སྤྱོད་ཀྱི་ ཉམས་རྒུདཔ་༩ སྐྱེས་ལོ་༡༨ མན་ཆད་འབད་མི་ཚུ་དང་༡ སྐྱེས་ལོ་༡༢ མན་ཆད་འབད་མི་ བུམོ་ཅུང་ཨིན་མས།
སྤྱི་ལོ་༢༠༡༦ ལུ་ དབང་བཙོང་འདོད་སྤྱོད་ཀྱི་སྙན་ཞུ་༦༨ ཐོ་བཀོད་འབད་ཡོད་མི་ལས་༣༩ སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཚུ་ཨིན་མི་དེ་ མཐོ་ཤོས་ཨིནམ་ད་ རྩོད་དོན་༢༢ ཀྱི་ ཉམས་རྒུདཔ་ཚུ་ སྐྱེས་ལོ་༡༨ ཡན་ཆད་འབད་མི་དང་༧ སྐྱེས་ལོ་༡༢ མན་ཆད་ཀྱི་ བུམོ་ཅུང་ཚུ་ཨིན་མས།
མ་གཞི་ དབང་བཙོང་འདོད་སྤྱོད་དང་འབྲེལ་བའི་ ཁྲིམས་ལུགས་དམ་དམ་སྦེ་ཡོད་རུང་ བསྟར་སྤྱོད་ནང་ལྷོདཔ་ད་ དམ་སྒྲིང་སྦེ་ གདོང་ལེན་འབད་ནི་མེད་མི་ལུ་བརྟེན་ འདི་བཟུམ་མའི་ ཉེས་ལས་འཐབ་མི་ མངམ་ཐོནམ་ཨིན་མས།
ང་བཅས་རའི་ བུམོ་ཅུང་དང་ བུམོ་གཞོནམ་ དེ་ལས་ ཨམ་སྲུ་ཚུ་ལུ་ ཉེན་སྲུང་ཡོདཔ་ བཟོ་དགོ་པ་ཅིན་ ཞབས་ཏོག་མཁོ་སྤྲོད་འབད་མི་ སྨན་ཁང་དང་ སློབ་གྲྭ་ དེ་ལས་ སྤེལ་ཁང་ཚུ་གིས་ སྤྱོད་བཟང་གི་ མིག་དཔེ་སྟོན་དགོཔ་མ་ཚད་ དུས་རྒྱུན་དུ་ གོ་བརྡ་ཚུ་ སྤེལ་ཐོག་ལས་ མི་སྡེ་ཚུ་ དྲན་ཤེས་ཅན་དང་ ཁྲིམས་ལུ་འཚེར་སྣང་བསྐྱེད་ནི་ཡོདཔ་ཅིག་ བཟོ་དགོཔ་འདུག།
Check Also
ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།
༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …