བུམོ་ཅུང་ཅིག་ལུ་ ཨ་ལོ་བཀང་བཞག་མི་ དོགས་ཅན་ཕོ་སྐྱེས་༢ དོ་དམ་འོག་ལུ་བཙུགས་ཡོདཔ།

༉ དབང་འདུས་ཀྱི་ ཁྲིམས་སྲུང་འགག་པ་གིས་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་གྱི་ ལས་བྱེདཔ་༢ ཀྱིས་ ལོ་ན་མ་སྨིན་པའི་ བུམོ་ཅུང་ཅིག་ལུ་ འདོད་སྤྱོད་འབད་ཡོདཔ་མ་ཚད་ ཨ་ལོ་བཀང་མི་ལུ་བརྟེན་ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ བཙུགས་ཡོདཔ་ཨིན་པས།
དོགས་ཅན་ཕོ་སྐྱེས་༢ ཆ་ར་ སྤ་ན་གཙང་ཆུ་གློག་མེ་ལས་འགུལ་ནང་ སྲུང་རྒྱབ་དང་ མེ་བསད་ཀྱི་ ལཱ་འབད་མི་ཨིན་པས།
སྐྱེས་ལོ་༣༩ ལང་མི་ ཕོ་སྐྱེས་དེ་ བཀྲིས་སྒང་ལས་ཨིནམ་ད་ གཞན་མི་སྐྱེས་ལོ་༤༥ འབད་མི་དེ་ སྤུ་ན་ཁ་ལས་ཨིན་པས།
དབང་འདུས་ཀྱི་ ཁྲིམས་སྲུང་འགག་པ་གིས་ བཤད་མི་དང་འཁྲིལཝ་ད་ དོགས་ཅན་ཕོ་སྐྱེས་༢ པོ་ཆ་ར་ དེ་ཚེ་ སྤྱི་ཟླ་༨ པའི་ཚེས་༢༧ ལུ་ སྙན་ཞུ་འབད་བའི་ཤུལ་ལས་ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་བཙུགས་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་འབད་བ་ཅིན་ འདོད་སྤྱོད་ཀྱི་ གནད་དོན་དེ་ནང་ ད་རུང་ དོགས་ཅན་ཕོ་སྐྱེས་༡ ཡོདཔ་ལས་ དེ་ཡང་ དྲི་དཔྱད་འབད་ནི་ཨིན་ཟེར་ ཨིན་པས།
ཉམས་རྒུདཔ་བུམོ་དེ་ སྐྱེས་ལོ་༡༦ ཨིནམ་ད་ དབང་འདུས་ལུ་ མོ་རའི་ཨ་ནེ་དང་གཅིག་ཁར་ སྡོད་དོ་ཡོདཔ་ཨིན་པས།
ཨ་ནེ་དེ་གིས་ ཁྲིམས་སྲུང་འགག་པ་ལུ་ ངག་བརྗོད་ཕུལ་མི་དང་འཁྲིལཝ་ད་ མོ་གི་ཚམོ་དེ་གིས་ ཟླཝ་དག་པ་ཅིག་གི་ཧེ་མར་ ཕོཝ་ནཝ་མས་ཟེར་ སླབ་ཡོདཔ་ཨིན་རུང་ དེ་བསྒང་ དོགས་པ་ག་ཅི་ཡང་ མེད་ཟེར་ཨིན་པས།
ཤུལ་ལས་ཡང་ ནཝ་མས་ཟེར་ སླབ་པའི་སྐབས་ ཨ་ལོ་ཆགས་ཆགསཔ་མེན་ན་ཟེར་བའི་ དོགས་པ་ཟ་སྟེ་ སྨན་བཙོང་ཁང་ནང་ལས་ ཨ་ལོ་སྐྱེ་ནི་ཡོད་མེད་ བལྟ་ནི་གི་འཕྲུལ་ཆས་ཅིག་ ཉོ་ལྟ་བའི་སྐབས་ ཨ་ལོ་སྐྱེ་ནི་མེདཔ་སྦེ་ ཐོན་ཡོདཔ་ལས་ སྣང་དག་མ་བསྐྱེད་པར་ སྡོད་ཅི་ཟེར་ཨིན་པས།
ད་རུང་ དེ་ཚེ་ སྤྱི་ཟླ་༨ པའི་ཚེས་༢༧ ལུ་ཡང་ དེ་སྦེ་སླབ་ནི་དེ་གིས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་བཞིན་དུ་ ཁྲིམས་སྲུང་འགག་པ་གིས་ སྨན་ཁང་ནང་ བརྟག་དཔྱད་འབད་བར་བཏངམ་ད་ བུམོ་དེ་ ཕོཝ་ནང་ ཨ་ལོ་ཆགས་ཏེ་ ཟླཝ་༧ ལང་ཡོད་པའི་ ངོས་འཛིན་བྱུང་ནུག།
དེ་གི་ཤུལ་ལས་ སློབ་གྲྭའི་བདག་སྐྱོང་དང་ ཁྲིམས་སྲུང་འགག་པ་གཉིས་ཀྱིས་ མཉམ་རུབ་ཐོག་ལས་ ཞིབ་དཔྱད་འབདཝ་ད་ བུམོ་ཅུང་དེ་གིས་ དོགས་ཅན་ཕོ་སྐྱེས་༢ ཀྱི་ མིང་བཏོན་ཡོདཔ་ལས་ དེ་ཚེ་ར་ འཛིན་བཟུང་འབད་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་ཚུ་གིས་ གནད་དོན་དེ་གི་ཐད་ཁར་ ཞིབ་དཔྱད་འབད་བའི་བསྒང་ཡོདཔ་ ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

ཆུ་ཁ་རྫོང་ཁག་གི་ འདེམས་ངོ་ཚུ་གིས་ ཁྲིམས་ལུགས་དང་ སྲིད་བྱུས་ཚུ་ བསྐྱར་ཞིབ་འབད་ནི་ལུ་ གཙོ་བོར་བཏོན་ཡོདཔ།

༉ ཆུ་ཁ་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་སྦེ་ དོ་འགྲན་འབད་མི་ འདེམས་ངོ་༤ པོ་ཆ་ར་གིས་ རྒྱལ་ཁབ་ཀྱི་ ཁྲིམས་ལུགས་དང་ སྲིད་བྱུས་ སྒྲིག་གཞི་ཚུ་ རྒྱལ་ཁབ་དང་མི་སེར་ལུ་ དགོས་མཁོ་ཡོད་མེད་དང་ ཕན་ཐོགས་ཡོད་མེད་ཀྱི་ ཞིབ་དཔྱད་འབད་ཞིནམ་ལས་ བསྐྱར་ཞིབ་འབད་ནི་ལུ་ …

Leave a Reply

Your email address will not be published. Required fields are marked *