བུམོ་ཅུང་༢ ལུ་ འདོད་སྤྱོད་གནོད་འཚེ་འབད་མི་ ཕོ་སྐྱེས་ཅིག་ལུ་ བཙོན་ཁྲིམས་ལོ་༣ བཀལ་ཡོདཔ།

༉ ཐིམ་ཕུག་རྫོང་ཁག་ཁྲིམས་འདུན་གྱིས་ བཀྲིས་གཡང་རྩེ་ལས་ སྐྱེས་ལོ་༣༧ ལང་མི་ ཕོ་སྐྱེས་ཅིག་གིས་ ན་ཧིང་སྤྱི་ཟླ་༣ པའི་ཚེས་༨ ཀྱི་ནུབ་མོ་ ལོ་ན་མ་སྨིན་པའི་བུམོ་ཅུང་༢ ལུ་ བྱིས་པ་བསུན་གཙེར་འབད་ཡོད་པའི་ཐད་ཁར་ བཙོན་ཁྲིམས་ལོ་༣ བཀལ་ནུག།
ཉེས་ཅན་ཀརྨ་ལྷུན་གྲུབ་ཀྱིས་ ན་ཧིང་ ཐིམ་ཕུག་གླང་རྒྱུག་ཕར་ཁ་ལུ་སྦེ་ སྐྱེས་ལོ་༡༦ ལང་མི་བུམོ་ཅིག་དང་ མོ་གི་ནུམོ་དེ་ལུ་ བསུན་གཙེར་འབད་ཡོདཔ་ལས་ རྫོང་ཁག་ཁྲིམས་འདུན་གྱིས་ ཁོ་ལུ་ ཁྲིམས་འཐུས་བཏབ་མ་ཆོག་པའི་ བཙོན་ཁྲིམས་ལོ་༣ བཀལ་ནུག།
འདས་པའི་བདུན་ཕྲག་ནང་བཏོན་མི་ འཁྲུན་ཆོད་དང་འཁྲིལཝ་ད་ ཀརྨ་ལྷུན་གྲུབ་ཀྱིས་འབད་མི་ ཉེས་ལས་དེ་ འབྲུག་གི་ཞི་རྩོད་དང་ཉེས་རྩོད་བྱི་བའི་གནད་སྤྱོད་ཀྱི་ ཁྲིམས་དེབ་དོན་ཚན་༩༦.༢ པ་དང་འཁྲིལ་ ཉེས་འདོགས་པ་ལུ་ ཉེས་འཛུགས་བཀལ་ཡོད་མི་དེ་ ཐེ་ཚོམ་ལས་གྲོལ་བའི་རྒྱུ་མཚན་ཅན་གྱི་ མངོན་རྟགས་སྟོན་ཡོདཔ་ལས་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་དོན་ཚན་༢༠༣ ལས་ འགལ་ཡོདཔ་ལས་ ཁྲིམས་དེབ་ཀྱི་དོན་ཚན་༢༠༤ དང་འཁྲིལ་ ཉེས་ཁྲིམས་ཉུང་ཤོས་ལོ་༣ སྨིན་དགོཔ་སྦེ་ཨིན་པས།
སྐྱེས་ལོ་༡༦ ལང་མི་ ཉམས་རྒུདཔ་བུམོ་ཅུང་དེ་གིས་ མོ་དང་མོ་རའི་ནུམོ་༢ ཉེས་ཅན་གྱིས་ བསུན་གཙེར་འབད་ཡོདཔ་སྦེ་ སླབ་པའི་ཤུལ་ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཁོ་ལུ་ བྱིས་པ་བསུན་གཙེར་འབད་ཡོད་པའི་ ཉེས་འཛུགས་བཀལ་ནུག།
བུམོ་དེ་གིས་ ཁྲིམས་སྲུང་འགག་པ་ལུ་ ངག་བརྗོད་ཕུལ་ཡོད་མི་དང་འཁྲིལཝ་ད་ མོ་གི་ཕམ་དང་ ཆ་རོགས་ཚུ་ ན་ཧིང་སྤྱི་ཟླ་༣ པའི་ཚེས་༨ ཀྱི་ཕྱི་རུ་ ཁོང་གི་ཁྱིམ་ནང་ ཆང་འཐུང་པའི་ཤུལ་ལུ་ ཆ་རོགས་གཞན་མི་ཚུ་ ནུབ་མོའི་ཆུ་ཚོད་༡༠:༢༠ དེ་ཅིག་ཁར་ ལོག་ཁོང་རའི་ཁྱིམ་ནང་ སོང་ཡོད་རུང་ ཉེས་འདོགས་པ་དེ་ ཁོ་རའི་ཁྱིམ་ནང་ ཁོ་ར་རྐྱངམ་གཅིག་ཨིནམ་ལས་ ཁོང་གི་ཁྱིམ་ནང་ སྡོད་ནི་ཟེར་ སླབ་སྟེ་སྡོད་ཡོདཔ་སྦེ་ཨིན་པས།
ཉེས་འདོགས་པ་དེ་ མོ་དང་མོ་རའི་ནུམོ་ དེ་ལས་ ནུ་གཅུང་གཉིས་ཉལ་སའི་ ཁང་མིག་ནང་ གཅིག་ཁར་ཉལ་བཅུག་སྟེ་ཡོདཔ་ལས་ ནུབ་མོའི་ཆུ་ཚོད་༡༡:༣༠ དེ་ཅིག་ཁར་ མོ་གི་གཟུགས་ཁར་ དཀྲོགས་ཡོདཔ་སྦེ་ཚོར་ཏེ་ ལྟ་བའི་བསྒང་ལས་ ཀརྨ་ལྷུན་གྲུབ་ དེ་ མོ་གི་ཉལ་ཁྲི་སྦོ་ལོགས་ཁར་ ལྷོད་ཡོདཔ་མ་ཚད་ མོ་ར་མགུ་ཏོ་སྤུར་ཏེ་ ཉལ་སྡོད་པའི་སྐབས་ ཁོ་གིས་ མོ་གི་ནུམོ་དཀྲོགས་ནི་འགོ་བཙུགས་ཡོདཔ་ལས་ དེ་འཕྲོ་ལས་ མོ་གིས་ ཨའི་འབོ་ཡི་ཟེར་ཨིན་པས།
ཉེས་འདོགས་པ་གིས་ བྱ་ངན་འབད་ཡོད་པའི་སྐོར་ལས་ མོ་རའི་ཕམ་ལུ་ སླབ་པའི་ཤུལ་ལུ་ ཁྱིམ་ནང་ལས་ ཐོན་སོང་སླབ་རུང་ འགྱོ་མ་བཏུབ་ལས་ ཁྲིམས་སྲུང་འགག་པ་ འབོ་ཡོདཔ་ཨིན་པས།
ཉེས་འདོགས་པ་གིས་འབད་བ་ཅིན་ ཁོ་ར་ དེ་ཚེ་ཆང་བགྲངས་ཡོདཔ་ལས་ བུམོ་དཀྲོགས་ནི་གི་ གནས་སྟངས་ནང་རང་མེདཔ་ལས་ ག་དེམ་ཅིག་སྦེ་ བསུན་གཙེར་འབད་ཡོདཔ་སྦེ་ འཐོན་སོ་པ་ཅིན་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ ཁྲིམས་རྩོད་པ་གིས་ གསོ་བའི་བརྟག་དཔྱད་སྙན་ཞུ་དང་སྦྲགས་ཏེ་ བདེན་ཁུངས་བསྐྱལ་དགོཔ་སྦེ་ ཞུ་ནུག།
ཁྲིམས་སྲུང་འགག་པ་གིས་ཡང་ ངག་བརྗོད་ཚུ་ ཁོ་ར་ཆང་བགྲངས་ཏེ་ སྡོད་པའི་སྐབས་ ལེན་འབག་ཡོདཔ་སྦེ་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ ཉེས་འཛུགས་འབད་མི་དང་འཁྲིལཝ་ད་ ཀརྨ་ལྷུན་གྲུབ་ཀྱིས་ ཁོང་བཟའ་ཚང་དང་ དཔང་པོ་གི་གདོང་ཁར་ ཁོ་ར་ཆབ་གསང་འགྱོ་བའི་སྐབས་ ཨམ་སྲུ་ཅིག་མཐོང་ཡོདཔ་ལས་ ཨམ་སྲུ་དེ་ ཁོ་དང་གཅིག་ཁར་ ཆང་འཐུང་མི་དེ་ ཨིནམ་འདྲས་ཟེར་མནོ་སྟེ་ དེ་སྦེ་ཡང་ དཀྲོགས་དཀྲོགསཔ་འོང་ཟེར་ སླབ་ནུག།
ཤུལ་ལས་ བུམོ་ཅུང་དེ་གིས་ ཨའི་ཟེར་ འབོ་པའི་སྐབས་ལུ་རྐྱངམ་གཅིག་ ཁོ་རའི་ཆ་རོགས་ཀྱི་ བུམོ་ཨིནམ་སྦེ་ ཤེས་ཅི་ཟེར་ སླབ་ཡོདཔ་ཨིན་པས།
ཨིན་རུང་ ཁྲིམས་འདུན་གྱི་ཁ་ཐུག་ལས་འབད་བ་ཅིན་ ཉེས་འདོགས་ཅན་གྱིས་ བུམོ་ཅུང་གཉིས་ལུ་ བསུན་གཙེར་འབད་ཡོདཔ་སྦེ་ཨིནམ་ལས་ ཁོ་ལུ་ ཉེས་ཁྲིམས་བཀལ་ནུག།
ཁོ་གིས་འབད་མི་ ཉེས་ལས་དེ་ དབྱེ་རིམ་༤ པའི་ཉེས་ཆེན་ཨིནམ་ལས་ ལོ་༣ ལས་༥ འི་བར་ན་ ཕོག་ནི་ཨིན་རུང་ ཁོ་གིས་ ཧེ་མ་ཉེས་ལས་འཐབ་ཡོད་པའི་ བརྗོད་ཐོ་མེདཔ་ལས་ བཙོན་ཁྲིམས་ཉུང་ཤོས་ ལོ་༣ བཀལ་ཡོདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *