༉ བུམ་ཐང་ལུ་ འདེམས་ཁོངས་གཉིས་ཆ་ར་ལས་ འབྲུག་ཕུན་སུམ་ཚོགས་པ་གིས་ རྒྱལ་ཁ་ཐོབ་མི་དེ་ཡང་ ཆོས་འཁོར་-སྟང་འདེམས་ཁོངས་ལས་ འབྲུག་ཕུན་སུམ་ཚོགས་པའི་ གཙོ་འཛིན་གྱིས་ ཁོ་རའི་ཚབོ འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ ཟླ་བ་ལས་ རྒྱལ་ཁ་ཐོབ་ནུག།
མཉམ་རུབ་ཚོགས་པའི་འདེམས་ངོ་ ཟླ་བ་གིས་ གཞུང་སོར་བསྒྱུར་གྱི་དོན་ལུ་ ཨུ་ཚུགས་དང་གོ་བརྡ་སྤེལ་ཡོདཔ་ད་ ཁྲུང་ཁྲུང་ཚོགས་པ་དེ་ རྒྱལ་ཁ་འཐོབ་པ་ཅིན་ པདྨ་རྒྱ་མཚོ་དེ་ བློན་ཆེན་གྱི་ འོས་འབབ་དང་ལྡན་མི་ཅིག་སྦེ་ མངོན་གསལ་བྱུང་ཡོདཔ་བཞིན་དུ་ རྒྱུ་རྐྱེན་དེ་གིས་ བུམ་ཐང་ལུ་ འདེམས་ཁོངས་གཞན་གྱི་ ཚོགས་རྒྱན་བཙུགས་མི་ཚུ་ལུ་ཡང་ ཤན་ཞུགས་རྐྱབ་ཚུགས་པའི་མངོན་གསལ་བྱུང་ནུག།
པདྨ་རྒྱ་མཚོ་གིས་ ཚོགས་རྒྱན་བསྡོམས་༣༢༥༡ ཐོབ་ཡོདཔ་ད་ ཁོ་རའི་ དོ་འགྲན་པ་ཟླ་བ་གིས་༡༥༣༦ ཐོབ་ནུག།
འཕྲུལ་ཆས་ཚོགས་རྒྱན་གྱི་ཐད་ཁར་ ཟླ་བ་གིས་ ཚོགས་རྒྱན་༡༡༢༦ ཐོབ་མི་དང་ཕྱདཔ་ད་ པདྨ་རྒྱ་མཚོ་གིས་ ཚོགས་རྒྱན་༢༡༧༨ ཐོབ་མི་དེ་ ལོག་ལྟབ་ཀྱིས་མཐོ་དོ་ཡོདཔ་ད་ པདྨ་རྒྱ་མཚོ་གིས་ འགྲེམ་ཐོག་ཚོགས་རྒྱན་༡༠༧༣ ཐོབ་མི་དེ་ ཟླ་བ་གིས་༤༡༠ ཐོབ་མི་དང་ཕྱདཔ་ད་ ལེ་ཤ་གིས་ མཐོཝ་ཨིན་པས།
ཆུ་སྨད་-ཨུ་ར་འདེམས་ཁོངས་ནང་ དོ་འགྲན་པ་གཉིས་ལུ་ ཚོགས་རྒྱན་གྱི་ཁྱད་པར་ སྦོམ་ཅིག་མ་ཞུགས་པས།
སྤྱི་ལོ་༢༠༠༨-༢༠༡༣ ཚུན་ སྤྱི་ཚོགས་ཀྱི་གནས་ཡུན་དང་པའི་ནང་ འཐུས་མི་སྦེ་ ཕྱག་ཞུ་ནིའི་གོ་སྐབས་ཐོབ་མི་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ཀརྨ་དབང་ཕྱུག་གིས་ ཚོགས་རྒྱན་༡༨ ཀྱིས་རྒྱལ་ཁ་ཐོབ་སྟེ་ སྤྱི་ཚོགས་གསུམ་པའི་ནང་ ལོག་སྟེ་ར་ཕྱག་ཞུ་ནིའི་གོ་སྐབས་ཐོབ་ཡོདཔ་ད་ ཆུ་སྨད་-ཨུ་རའི་འདེམས་ཁོངས་ཀྱི་ རྒྱལ་ཁའི་ཁྱད་པར་དེ་ འགྲེམ་ཐོག་ཚོགས་རྒྱན་གྱིས་ བཟོ་ཡོད་པའི་གསལ་སྟོན་བྱུང་ནུག།
ཀརྨ་དབང་ཕྱུག་གིས་ ཚོགས་རྒྱན་བསྡོམས་༡༤༣༣ ཐོབ་ཡོདཔ་ད་ འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ ཕུན་ཚོགས་རྣམ་རྒྱལ་གྱིས་ ཚོགས་རྒྱན་༡༤༡༥ ཐོབ་ནུག།
ངེས་བདེན་དུ་ མཉམ་རུབ་ཚོགས་པའི་འདེམས་ངོ་ ཕུན་ཚོགས་རྣམ་རྒྱལ་གྱིས་ འཕྲུལ་ཆས་ཐོག་གི་ཚོགས་རྒྱན་༡༠༡༠ ཐོབ་མི་གིས་ ཕུན་སུམ་ཚོགས་པའི་འདེམས་ངོ་ ཀརྨ་དབང་ཕྱུག་གིས་༨༦༣ ཐོབ་མི་ལས་ རྒྱལ་ཁ་ཐོབ་ནུག།
ཨིན་རུང་ འགྲེམ་ཐོག་ཚོགས་རྒྱན་གྱི་ གྱངས་ཁ་རྐྱབ་པའི་སྐབས་ ཀརྨ་དབང་ཕྱུག་གིས་ རྒྱལ་ཁ་ཐོབ་དགོ་མི་དེ་ཡང་ ཁོ་གིས་ འགྲེམ་ཐོག་ཚོགས་རྒྱན་༥༧༠ དང་ ཕུན་ཚོགས་རྣམ་རྒྱལ་གྱིས་༤༠༥ ཐོབ་མི་ལུ་བརྟེན་ཨིན་པས།
བུམ་ཐང་ལུ་ ཁྱད་ཚད་ལྡན་པའི་ཚོགས་རྒྱན་བཙུགས་མི་ བརྒྱ་ཆ་༧༧.༦ གིས་ ཚོགས་རྒྱན་བཙུགས་ཡོད་པའི་གནས་ཚུལ།
སྐད་སྒྱུར་ ཀརྨ་བསྟན་འཛིན།