༉ བུམ་ཐང་ ཆུ་སྨད་རྒེད་འོག་ ཅུང་འཕེལ་གཡུས་ཚན་གྱིས་ ཧེ་མ་འབད་བ་ཅིན་ ལུག་གསོ་སྐྱོང་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་རུང་ ད་རེས་ནངས་པར་ ལུག་གི་གྱངས་ཁ་ མར་ཉམས་འགྱོ་སར་ མཐོངམ་ཨིན་པས།
ཧེ་མ་འབད་བ་ཅིན་ སྤྱི་འོག་དེ་ནང་ ཁྱིམ་གུང་པ་༩ དེ་ཅིག་ཡོད་མི་ ག་ར་གིས་ ལུག་རྒྱ་ཆེ་དྲགས་སྦེ་ གསོ་སྐྱོང་འབད་དོ་ཡོདཔ་ད་ ད་རེས་ནངས་པར་ གསོ་སྐྱོང་འགོ་བཙུགས་ནིའི་དོན་ལུ་ ལུག་གསོ་སྐྱོང་ཚོགས་པ་ཅིག་ཡང་ བཟོ་སྟེ་ཡོདཔ་ད་ དེ་ནང་ འཐུས་མི་༦ ལས་མིན་འདུག།
ཁྱིམ་གུང་པ་༩ ཡོད་ས་ལས་ གུང་པ་༣ རྐྱངམ་གཅིག་གིས་ ཚོགས་པའི་འཐུས་མི་སྦེ་ འཛུལ་ཡོདཔ་ད་ ལྷག་ལུས་འཐུས་མི་༣ དེ་ གཡུས་ཚན་ལས་ ཀི་ལོ་མི་ཊར་༥ དེ་ཅིག་གི་ས་ཁར་ཡོད་མི་ བིམ་གཡུས་ཚན་ལས་ ཡོདཔ་ཨིན་པས།
གཞུ་རས་ལས་ཨིན་མི་ ཀུན་བཟང་ལྷུན་གྲུབ་ལུ་ ལུག་༢༤ ལྷགཔ་ཅིག་ཡོདཔ་ཨིན་རུང་ དོམ་ཚུ་འོང་སྟེ་བསད་ཚར་ཡོདཔ་ད་ ཁོ་གིས་བཤད་མིའི་ནང་ དོམ་གྱིས་ ལུག་ཚུ་ བསད་ཟ་བའི་ཤུལ་ལས་ ལྷག་མཇུག་ལུས་མི་ཚུ་ཡང་ འབག་འགྱོཝ་མས་ཟེར་ཨིན་པས།
ཕམ་ཚུ་གི་སྐབས་ལུ་ འཚོ་བ་ལུག་ལུ་ བརྟེན་སྡོདཔ་ཨིན་ཟེར་ ཁོ་གིས་ ད་རེས་ནངས་པར་ ལུག་ལུ་བརྟེན་སྡོད་ནི་དེ་ འོས་འབབ་མེདཔ་ལས་ ནོར་ལུ་བརྟེན་སྡོད་དོ་ཟེར་ བཤདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཨ་ལོ་ཚུ་གི་ ཟད་འགྲོ་གཏང་ནིའི་དོན་ལུ་ ནོར་འཚོ་ནི་དེ་གིས་ ཁྱིམ་ནང་ འཕྲལ་འཕྲལ་ལས་བརྒལ་སྡོད་ནི་མེད་ཟེར་ཨིནམ་ད་ ད་རེས་ནངས་པའི་ ན་གཞོན་ཚུ་གིས་ ལུག་གསོ་སྐྱོང་འབད་ནི་ལུ་ སྤྲོ་བ་མིན་འདུག་ཟེར་ཨིན་པས།
ཅུང་འཕེལ་གཡུས་ཚན་ནང་ དུང་སྦིས་ཐང་ལུག་གསོ་སྐྱོང་ལྟེ་བ་གིས་ ཕ་སོན་བཀྲམ་སྤེལ་འབད་བའི་ཤུལ་ལས་ ད་རེས་ནངས་པར་ ལུག་གསོ་སྐྱོང་འབད་ནི་ འགོ་བཙུགས་ཏེ་ཡོདཔ་ད་ ད་རེས་ནངས་པར་ རྒྱ་གར་ལས་ བལ་ཐོན་མི་དེ་གིས་ མི་ཚུ་གིས་ དེ་ལས་བརྟེན་ ཐགས་ནི་ལུ་ གདམ་ཁ་རྐྱབ་དོ་ཡོདཔ་ཨིན་པས།
བསོད་ནམས་ལྷ་མོ་གིས་ བཤད་མིའི་ནང་ མོ་གིས་ ལོ་གཅིག་ནང་ ཐེངས་གཉིས་རེ་ བལ་བཏོག་ནི་ཡོད་ཟེར་ཨིནམ་ད་ བལ་ཀེ་ཇི་༢༥ དེ་ཅིག་ ཐོན་མི་དེ་གིས་ སྡོད་ཁྲིའི་ཁེབས་ཚུ་འཐག་སྟེ་ བཙོང་དོ་ཟེར་ཨིན་པས།
དེ་མ་ཚད་ ཡ་ཁྲ་གི་གདན་ཚུ་འཐག་སྟེ་ བཙོང་དོ་ཡོདཔ་ལས་ ལོ་ཅིག་ནང་ ལུག་གི་བལ་ངོ་མ་ལུ་བརྟེན་ཐགས་མི་གིས་ འོང་འབབ་དེ་ཅིག་ བཟོ་མ་ཚུགས་རུང་ དུམ་གྲ་རེ་ བཙོང་དོ་ཟེར་ཨིན་པས།
མོ་གིས་ བལ་གྱི་ཐོན་སྐྱེད་ཚུ་ བཙོང་ནིའི་དོན་ལུ་ ཉེ་འདབས་ལུ་ཡོད་མི་ ནང་སྒར་དང་ ཨུ་རའི་ཕྲང་ལམ་ཁར་འགྱོ་སྟེ་ བཙོང་དོ་ཡོདཔ་ད་ མཉམ་འབྲེལ་ཚོགས་པ་ལུ་ གཞུང་གིས་ བལ་འཁལ་ནིའི་དོན་ལུ་ ཅ་ཆས་ཚུ་ཡང་ བྱིན་ཏེ་འདུག།
ཅ་ཆས་ཚུ་ ཆུང་ཀུ་ཡོདཔ་ལས་ བལ་མང་སུ་སྦེ་ཐོནམ་ད་ དུང་སྦིས་ཐང་ལུ་ཡོད་མི་ ལྟེ་བ་ནང་ འབག་འགྱོ་དགོཔ་ལས་ ལམ་ཐག་རིང་བས་ཟེར་ མོ་གིས་ བཤདཔ་ཨིན་པས།
བསོད་ནམས་ལྷ་མོ་ལུ་ ལུག་༢༨ ལྷགཔ་ཅིག་ཡོད་མི་དེ་གིས་ ལོ་གཅིག་ནང་ འོང་འབབ་དངུལ་ཀྲམ་༣༠,༠༠༠ དེ་ཅིག་ བཟོ་ཚུགས་དོ་ཡོདཔ་ད་ གཞུ་རས་དང་ བིམ་གཡུས་ཚན་བསྡོམས་ཏེ་ ལུག་༡༢༠ དེ་ཅིག་ ཡོདཔ་ཨིན་པའི་གནས་ཚུལ།
བུམ་ཐང་ལས་ བཀྲིས་བསྟན་འཛིན།