ཚོགས་རྒྱན་བཙུགས་མི་ཚུ་ ཞིབ་དཔྱད་འབད་བའི་བསྒང་།

བུམ་ཐང་ལུ་ བརྒྱ་ཆ་༧༥ དེ་ཅིག་གིས་ ཚོགས་རྒྱན་བཙུགས་ཡོདཔ།

༉ བུམ་ཐངཔ་ཚུ་གིས་ ཨ་རྟག་ར་ སྤྱི་ཚོགས་ཀྱི་བཙག་འཐུ་ཚུ་ནང་ བྱ་ཁྲུང་ཁྲུང་ལུ་ རྒྱབ་སྐྱོར་འབད་དོ་ཡོདཔ་ཨིན་པས།

རྫོང་ཁག་ནང་ འདེམས་ཁོངས་༢ ཡོད་མི་ལས་ ཆོས་འཁོར་-སྟང་འདེམས་ཁོངས་དེ་ ཧེ་མ་ལས་ འབྲུག་ཕུན་སུམ་ཚོགས་པའི་ རྒྱབ་སྐྱོར་པ་ངོ་མ་ཨིན་པའི་ཁར་ ཚོགས་པའི་གཙོ་འཛིན་ཡང་ སྟང་ལས་འབད་ནི་དེ་གིས་ སྤྱི་ལོ་༢༠༡༨ ལུ་ ཧེང་སྐལ་ར་ སྒྲིང་སྒྲི་སོང་ཡོདཔ་ཨིན་པས།

ཚོགས་རྒྱན་མ་བཙུགས་པའི་ཧེ་མར་ འདེམས་ངོ་༤ ཆ་ར་ སྟང་རྒེད་འོག་ལས་འབད་མི་ལུ་བརྟེན་ ཚོགས་རྒྱན་བགོ་བཤའ་སྦེ་ འགྱོ་འོང་ཟེར་བའི་ བསམ་འཆར་ཚུ་ བཤད་ཡོད་རུང་ འབྲུག་ཕུན་སུམ་ཚོགས་པ་གིས་ ཆོས་འཁོར་-སྟང་ལས་ ཚོགས་རྒྱན་༢,༥༤༠ ཐོབ་མི་དེ་ དོ་འགྲན་མེད་པའི་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།

མི་སེར་དམངས་གཙོའི་ཚོགས་པའི་ ངོ་ཚབ་དེ་ སྟང་ལས་ཨིན་པའི་ཁར་ ལྕམ་མཁར་ལུ་སྡོད་མི་ ཚོང་པ་ཅིག་ཨིན་མི་དེ་གིས་ འབད་ཡོདཔ་ད་ ཁོ་གིས་ ཧེ་མའི་བཙག་འཐུ་ཚུ་ནང་ཡང་ ཚོགས་པའི་དོན་ལུ་ དོ་འགྲན་འབད་ཡོདཔ་ལས་ ཆོས་འཁོར་-སྟང་ལས་ ཚོགས་རྒྱན་༡,༠༤༨ ཐོབ་མི་དེ་ མཐོ་ཤོས་༢ པ་ཨིན་པས།

འབྲུག་ཀུན་མཉམ་ཚོགས་པ་དང་ འབྲུག་མཉམ་རུབ་ཚོགས་པའི་ འདེམས་ཁོངས་ཚུ་ཡང་ སྟང་ལས་ཨིནམ་ད་ འབྲུག་ཀུན་མཉམ་ཚོགས་པ་གིས་ ཚོགས་རྒྱན་༢༣༧ དང་ འབྲུག་མཉམ་རུབ་ཚོགས་པ་གིས་ ཚོགས་རྒྱན་༩༢༡ ཐོབ་ཡོདཔ་ཨིན་པས།

འགྲེམ་ཐོག་ཚོགས་རྒྱན་དང་ འཕྲུལ་ཆས་ཀྱི་ ཚོགས་རྒྱན་༢ ཆ་ར་གིས་ འབྲུག་ཕུན་སུམ་ཚོགས་པ་ལུ་ ཁྱད་པར་སྦོམ་ བཟོ་ཡོདཔ་ད་ ཚོགས་པ་གིས་ འགྲེམ་ཐོག་ཚོགས་རྒྱན་༧༧༥ དང་ འབྲུག་མཉམ་རུབ་ཚོགས་པ་གིས་༣༤༨ དེ་ལས་ མི་སེར་དམངས་གཙོའི་ཚོགས་པ་གིས་༢༠༡ དང་ འབྲུག་ཀུན་མཉམ་ཚོགས་པ་གིས་ འགྲེམ་ཐོག་ཚོགས་རྒྱན་༨༧ ཐོབ་ཡོདཔ་ཨིན་པས།

འབྲུག་ཕུན་སུམ་ཚོགས་པ་གིས་ འཕྲུལ་ཆས་ཐོག་གི་ ཚོགས་རྒྱན་༡,༧༦༥ ཐོབ་མི་དེ་ཡང་ མཐོ་ཤོས་ཨིནམ་ད་ མི་སེར་དམངས་གཙོའི་ཚོགས་པ་གིས་ འཕྲུལ་ཆས་ཚོགས་རྒྱན་༨༤༧ དང་ འབྲུག་མཉམ་རུབ་ཚོགས་པ་གིས་༥༧༣ དེ་ལས་ འབྲུག་ཀུན་མཉམ་ཚོགས་པ་གིས་ འཕྲུལ་ཆས་ཚོགས་རྒྱན་༡༥༠ ཐོབ་ཡོདཔ་ཨིན་པས།

ཆོས་འཁོར་-སྟང་འདེམས་ཁོངས་ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་༦,༠༥༡ དེ་ཅིག་ ཐོ་བཀོད་འབད་མིའི་གྲས་ལས་ མི་༤,༧༤༦ གིས་ ཚོགས་རྒྱན་བཙུགས་ཡོད་མི་དེ་ བརྒྱ་ཆ་ལས་འབད་བ་ཅིན་༧༨.༥ ཨིན་པས།

སྤྱི་ལོ་༢༠༠༨ ལས་༢༠༡༣ ཚུན་ ཆུ་སྨད་-ཨུ་ར་འདེམས་ཁོངས་ལས་ འབྲུག་ཕུན་སུམ་ཚོགས་པ་གིས་ རྒྱལ་ཁ་ཐོབ་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༡༣ ལུ་ མི་སེར་དམངས་གཙོའི་ཚོགས་པ་གིས་ རྒྱལ་ཁ་ཐོབ་ཡོད་རུང་ འགྲེམ་ཐོག་ཚོགས་རྒྱན་གྱི་ རྒྱབ་སྐྱོར་ཐོག་ལས་ ལོག་སྟེ་ར་ འབྲུག་ཕུན་སུམ་ཚོགས་པ་གིས་ ཐོབ་ཡོདཔ་ཨིན་པས།

འདེམས་ཁོངས་དེ་ནང་ མི་སེར་དམངས་གཙོའི་ཚོགས་པའི་ངོ་ཚབ་ རྫོག་བདག་བགྲེསཔ་གིས་ འཕྲུལ་ཆས་ཀྱི་ ཚོགས་རྒྱན་༦༦༠ ཐོབ་མི་དེ་ མཐོ་ཤོས་ཨིནམ་ད་ སྤྱི་ཚོགས་དང་པའི་ ཕྱག་ཞུ་མི་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་གིས་ འཕྲུལ་ཆས་ཚོགས་རྒྱན་༦༡༢ དང་ འབྲུག་མཉམ་རུབ་ཚོགས་པ་གིས་༤༣༤ དེ་ལས་ འབྲུག་ཀུན་མཉམ་ཚོགས་པ་གིས་༡༦༢ ཐོབ་ཡོདཔ་ཨིན་པས།

འབྲུག་ཕུན་སུམ་ཚོགས་པ་གིས་ འགྲེམ་ཐོག་ཚོགས་རྒྱན་༣༥༦ ཐོབ་མི་དེ་གིས་ ཁྱད་པར་བཟོ་ཡོདཔ་ད་ མི་སེར་དམངས་དམངས་གཙོའི་ཚོགས་པ་གིས་ འགྲེམ་ཐོག་ཚོགས་རྒྱན་༢༣༤ དང་ འབྲུག་མཉམ་རུབ་ཚོགས་པ་གིས་༢༦༥ དེ་ལས་ འབྲུག་ཀུན་མཉམ་ཚོགས་པ་གིས་༧༣ ཐོབ་ཡོདཔ་ཨིན་པས།

ཆུ་སྨད་-ཨུ་ར་འདེམས་ཁོངས་ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་༣,༧༨༥ དེ་ཅིག་ ཐོ་བཀོད་འབད་མིའི་གྲས་ལས་ མི་༢,༧༩༦ གིས་ ཚོགས་རྒྱན་བཙུགས་ཡོདཔ་ད་ བརྒྱ་ཆ་ལས་འབད་བ་ཅིན་༧༣ དེ་ཅིག་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ སྐལ་བཟང་དབང་ཕྱུག།

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *