༉ བུམ་ཐང་རྫོང་ཁག་བདག་སྐྱོང་གིས་ སྤྱང་འཁྱམས་སྡོད་མི་ ནོར་སེམས་ཅན་ཚུ་ བཟུང་ཞིནམ་ལས་ བདག་འཛིན་འཐབ་བཞག་དོ་ཡོདཔ་ད་ དེ་ཡང་ སེམས་ཅན་ཚུ་ རང་སོའི་ཇོ་བདག་ཚུ་གིས་ བདག་འཛིན་མ་འཐབ་པར་ ག་ལྷོད་བཏང་བཞག་མི་ཚུ་ཨིན་པས།
ད་ཚུན་ སེམས་ཅན་༤༥ ལྷགཔ་ཅིག་ བཟུང་བཞག་མི་ལས་ རྟ་༤༠ ལྷགཔ་ཅིག་དང་ ནོར་༥ ལྷགཔ་ཅིག་ཡོདཔ་ད་ ད་ལྟོ་ རྫོང་ཁག་གི་རྟ་དང་ བེ་ལ་བ་ཚུ་ ཕྱུག་གུ་འཚའ་སའི་ཁྱིམ་ནང་ བཞག་ཡོདཔ་ད་ ཇོ་བདག་ཚུ་གིས་ སེམས་ཅན་དགོ་པ་ཅིན་ ཉེས་ཆད་དངུལ་བཀྲམ་༡,༠༠༠ རེ་ བཏབ་དགོཔ་ཨིན་པས།
གལ་སྲིད་ སེམས་ཅན་ལེན་མི་ མ་འཐོན་པ་ཅིན་ རྫོང་ཁག་བདག་སྐྱོང་གིས་ རིན་བསྡུར་ཐོག་ལས་ བཙོང་ནི་ཨིནམ་ད་ དེའི་སྐོར་ལས་ ས་གནས་གཞུང་གི་ འགོ་ཁྲིདཔ་བརྒྱུད་དེ་ མི་སེར་ལུ་ གོ་བ་བརྡ་སྤྲོད་ཡང་འབད་ཡོདཔ་ད་ དེ་སྦེ་ བཙོང་ནིའི་ལམ་ལུགས་ཚུ་ཡང་ བཟོ་བའི་བསྒང་ཡོདཔ་ཨིན་པས།
འཆར་གཞི་དང་འཁྲིལ་བ་ཅིན་ ཇོ་བདག་ཚུ་གིས་ རང་སོའི་སེམས་ཅན་ཚུ་ ཉེས་ཆད་བཏབ་སྟེ་ ལོག་མ་ལེན་པ་ཅིན་ རིན་བསྡུར་གྱི་ཐོག་ལས་ བཙོང་ཆོག་པའི་ ཡི་གུ་ཡང་ ལེན་ནི་ཨིན་པས།
སྤྱང་འཁྱམས་སྡོད་མི་ ནོར་སེམས་ཅན་ཚུ་ རྫོང་ཁག་བདག་སྐྱོང་གིས་ བཟུང་ནིའི་ལམ་ལུགས་དེ་ འཕྲལ་ཁམས་ཅིག་ཁར་ རྫོང་ཁག་ཚོགས་འདུ་གིས་ གྲོས་ཆོད་བཏོན་མི་དང་བསྟུན་ བཟོ་ཡོདཔ་ད་ ལམ་ལུགས་ཀྱི་ དམིགས་གཏད་ངོ་མ་ར་ རྫོང་ཁག་ནང་ སྤྱང་འཁྱམས་སྡོད་མི་སེམས་ཅན་གྱི་ དཀའ་ངལ་མར་ཕབ་འབད་ནིའི་ དོན་ལུ་ཨིན་པས།
ད་རེས་ བུམ་ཐང་ལུ་ ནོར་སེམས་ཅན་ཚུ་ ག་ལྷོད་སྤྱང་འཁྱམས་སྡོད་པའི་ དཀའ་ངལ་སྦོམ་ཡོདཔ་ད་ སེམས་ཅན་ལ་ལོ་ཅིག་གིས་ རྫོང་དང་ ཡིག་ཚང་ དེ་ལས་ བཀག་འཛིན་ཅན་གྱི་ས་ཁོངས་ཚུ་ནང་ འཁྱམས་སྡོད་དོ་ཡོདཔ་ད་ རྫོང་ཁག་བདག་སྐྱོང་གི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ སེམས་ཅན་ཚུ་གིས་ ཡིག་ཚང་གི་ མཐའ་འཁོར་ལུ་ཡོད་པའི་ མེ་ཏོག་ལྡུམ་ར་ཚུ་ཡང་ མེདཔ་བཏངམ་མས་ཟེར་ཨིན་པས།
དེ་མ་ཚད་ བུམ་ཐང་དེ་ ལྟ་བཤལ་མངམ་འོང་སའི་ རྫོང་ཁག་ཅིག་འབདཝ་ལས་ ནོར་སེམས་ཅན་ཚུ་གིས་ ཁྲོམ་དང་ལྷ་ཁང་ དེ་ལས་ གནས་ཚུ་ནང་འའཁྱམས་སྡོད་དེ་ ཁམས་ལོག་སི་སི་བཟོཝ་ལས་ བཀག་ཐབས་འབད་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
དེ་བཟུམ་གྱི་ ལམ་ལུགས་བཟོ་མི་དེ་གིས་ ད་ལས་ཕར་ མི་ཚུ་གིས་ རང་སོའི་སེམས་ཅན་ཚུ་ བདག་འཛིན་འབད་ནིའི་ གོ་སྐབས་ཅིག་ཡང་ཨིནམ་ད་ ད་རེས་ སྒོ་ནོར་སེམས་ཅན་ གླང་དང་ རྟ་ལ་སོགས་པ་ཚུ་ རྒྱལ་ཁབ་གོང་འཕེལ་འགྱོ་ནི་དེ་གིས་ ཞིང་རྨོ་ནི་དང་ ཁུར་ཆ་སྐྱེལ་ནིའི་ལཱ་ཚུ་མེདཔ་ལས་ མང་ཤོས་ར་ ག་ལྷོད་བཏང་བཞག་དོ་ཡོདཔ་ཨིན་པས།
ནོར་སེམས་ཅན་འཆང་མི་ ལ་ལོ་ཅིག་ལུ་ སེམས་ཅན་བཏང་བཞག་སའི་ ས་ཁོངས་མེདཔ་ལས་ ཐབས་མེད་པར་ ཁྲོམ་ཁར་ལས་ཕར་ སྣང་མེད་སྦེ་ བཏང་བཞག་དགོཔ་ཐོན་དོ་ཡོདཔ་ད་ དེ་བཟུམ་གྱི་དཀའ་ངལ་དེ་ ལྕམ་མཁར་ཁྲོམ་གྱི་ ཉེ་འདབས་ལུ་ སྡོད་མི་ཚུ་ལུ་ ཐོན་དོ་ཡོདཔ་ཨིན་པའི་གནས་ཚུལ།
བསྟན་འཛིན་རྣམ་རྒྱལ།