བུམ་ཐང་གི་ མི་སེར་ཚུ་ ཚོགས་རྒྱན་བཙུགས་ནིའི་དོན་ལས་ གྱལ་བསྣར་ཏེ་ སྡོད་པའི་བསྒང་།

བུམ་ཐང་རྫོང་ཁག་གིས་ གོ་གནས་ཐོག་ཡོད་མི་ལུ་ར་ གདམ་ཁ་རྐྱབ་ཡོདཔ།

༉ བུམ་ཐང་རྫོང་ཁག་གི་ མི་སེར་ཚུ་གིས་ ད་ལྟོ་ གོ་གནས་ཐོག་ཡོད་མི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ ཉི་མ་དེ་ ལོག་སྟེ་ར་ བཙག་འཐུ་འབད་ནུག།

ཁ་ཙ་ གསལ་སྟོན་འབད་མི་ མཐའ་བཅད་མེན་པའི་ ཚོགས་རྒྱན་གྲུབ་འབྲས་དང་འཁྲིལཝ་ད་ ཉི་མ་གིས་ ཚོགས་རྒྱན་བསྡོམས་༣,༥༡༣ ཐོབ་ཡོདཔ་ད་ དོ་འགྲན་པ་ དཀོན་མཆོག་ཚེ་རིང་གིས་ ཚོགས་རྒྱན་བསྡོམས་༢,༤༡༩ ཐོབ་ནུག།

ཉི་མ་གིས་ འགྲེམ་ཐོག་ཚོགས་རྒྱན་༩༦༢ ཐོབ་ཡོདཔ་ད་ ཚོགས་རྒྱན་༦༡༤ གིས་ དཀོན་མཆོག་ཚེ་རིང་ལས་ ཐེབས་ཐོབ་ནུག།

བུམ་ཐང་རྫོང་ཁག་ནང་ ཚོགས་རྒྱན་ས་ཁོངས་༡༩ ཡོད་མིའི་ནང་ ཚོགས་རྒྱན་འཕྲུལ་ཆས་ཚུ་ལས་ ཚོགས་རྒྱན་བསྡོམས་༢,༥༥༡ བཙུགས་མི་གིས་ཡང་ ཉི་མ་ལུ་ ཚོགས་རྒྱན་ཐེབས་༤༨༠ ཐོབ་སྟེ་ རྒྱལ་ཁ་ཐོབ་ནི་ལུ་ ཕན་ཁྱད་སྦོམ་བྱུང་ནུག།

དཀོན་མཆོག་ཚེ་རིང་གིས་ འདས་པའི་ལོ་༡༠ གྱི་རིང་ རྒེད་འོག་བདག་སྐྱོང་འགོ་དཔོན་དང་ ལོ་ལྔ་མཐའ་མམ་དེ་ ཆོས་འཁོར་རྒེད་འོག་ལུ་ ཕྱག་ཞུ་ཡོདཔ་ད་ ཁོ་ལུ་ དྲི་བ་དྲིས་ལན་གྱི་དོན་ལུ་ འབྲེལ་བ་འཐབ་ནི་གི་ དཔའ་བཅམ་ད་ འབྲེལ་བ་འཐབ་མ་ཚུགས།

རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་སྦེ་ བཙག་འཐུ་གྲུབ་མི་ ཉི་མ་གིས་ བཤད་མིའི་ནང་ ཁོ་ར་ མི་སེར་ཚུ་གིས་ ལོག་སྟེ་ར་ བཙག་འཐུ་འབད་མི་ལུ་ ཧིང་ལས་ར་ སེམས་དགའ་མི་དེ་ཡང་ ཁོ་གིས་ ཧེ་མ་ལས་ར་ དཔྱད་ཡིག་དང་ སྲིད་བྱུས་དག་པ་ཅིག་ བསྐྱར་ཞིབ་འབད་ནི་ འགོ་བཙུགས་ཡོད་མི་ཚུ་ འཕྲོ་མཐུད་དེ་ར་ འབད་ནི་གི་ གོ་སྐབས་ཐོབ་མི་ལུ་བརྟེན་ཨིན་ཟེར་ཨིན་པས།

འཐུས་མི་ག་གིས་ རྒྱལ་ཁ་ཐོབ་རུང་ གཙོ་བོ་ར་ རྒྱལ་ཁབ་དང་ མི་སེར་ལུ་ ཕན་ཐོགས་དགོཔ་མ་ཚད་ མི་དབང་མངའ་བདག་རིན་པོ་ཆེའི་ ཐུགས་ཀྱི་དགོངས་བཞེད་ཚུ་ འགྲུབ་ཚུགསཔ་འབད་ནིའི་ནང་ བརྩོན་ཤུགས་བསྐྱེད་དགོ་ཟེར་ ཉི་མ་གིས་ བཤདཔ་མ་ཚད་ བཙག་འཐུ་འགོ་བཙུགས་པའི་ ནམ་དུས་ལས་ར་ མནོ་བསམ་དེ་སྦེ་ བཏང་སྡོད་ཅི་ཟེར་ བཤདཔ་ཨིན་པས།

ཉི་མ་གིས་ བུམ་ཐང་སྡེ་བཞིའི་ མི་སེར་ཚུ་ལུ་ ཁོ་ར་ བཙག་འཐུ་གྲུབ་གནང་མི་ལུ་ ཧིང་ལས་ར་ བཀའ་དྲིན་དགའ་ཚོར་ཡོད་ལུགས་ཚུ་ བཤདཔ་མ་ཚད་ ཐ་དང་དམ་ཚིག་བརྟེན་ཏེ་ ཕྱུག་ཞུ་ནིའི་ ཁས་བླངས་ཡོད་ཟེར་ བཤདཔ་ཨིན་པས།

བུམ་ཐང་རྫོང་ཁག་ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་སྐྱུར་མི་བསྡོམས་༩,༧༥༢ ཡོད་མི་ལས་༥,༩༣༢ འབདཝ་ད་ བརྒྱ་ཆ་༦༠.༨ ཀྱིས་ རང་སོའི་ཚོགས་རྒྱན་གྱི་ ཐོབ་དབང་ལག་ལེན་འཐབ་ཡོད་པའི་གནས་ཚུལ།

སྐད་སྒྱུར་-ཀརྨ་བསྟན་འཛིན།

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *