༉ སྤྱི་ཟླ་༣ པའི་ཚེས་༡༠ ལུ་ བུམ་ཐང་ཁྲོམ་གྱི་ འཛོམས་འདུ་འགོ་འདྲེན་འཐབ་པའི་སྐབས་ སྐྱེས་ལོ་༣༦ ལང་མི་ དཀོན་མཆོག་ཚེ་རིང་ གདམ་འཐུ་འབད་མི་དང་བསྟུན་ བུམ་ཐང་རྫོང་ཁག་གི་ འཛོམས་འདུ་དེ་ཡང་ མཇུག་བསྡུ་ཡོདཔ་ཨིན་པས།
བུམ་ཐང་ཁྲོམ་ལས་ དོ་འགྲན་འབད་མི་ གཞན་མེདཔ་ལས་ དཀོན་མཆོག་ཚེ་རིང་གིས་ དགོ་ཟེར་བའི་ཚོགས་རྒྱན་༣༠༦ དང་ མི་དགོའི་ཚོགས་རྒྱན་༩༧ ཐོབ་ཡོདཔ་ད་ ཁོ་གིས་ རྒེད་འོག་བདག་སྐྱོང་འགོ་དཔོན་སྦེ་ ལོ་༡༠ གྱི་རིང་ ལཱ་འབད་བའི་ཁར་ ཆོས་འཁོར་རྒེད་འོག་ནང་ཡང་ ལོ་༥ འི་རིང་ ལཱ་འབད་ཡོདཔ་ལས་ ཁོ་ལུ་ ཚོང་རིག་ནང་ མཐོ་རིམ་ཤེས་ཚད་ཡོདཔ་ཨིན་པས།
དབང་འདུས་ཆོས་གླིང་འབྲིང་རིམ་སློབ་གྲྭ་འོག་མའི་ནང་ ཁྲོམ་སྡེའི་གདམ་ངོ་འཛོམས་འདུ་ འགོ་འདྲེན་འཐབ་པའི་སྐབས་ ཚོགས་རྒྱན་བཙུགས་མི་བསྡོམས་༤༠༣ འོང་ཡོདཔ་ཨིན་པས།
སྐྱེས་ལོ་༨༤ ལང་མི་ པདྨ་གིས་ ཚོགས་རྒྱན་འགོ་དང་པ་ བཙུགས་ཡོདཔ་ད་ བུམ་ཐང་ལུ་ ཚོགས་རྒྱན་བཙུགས་མི་ཚུ་གི་དོན་ལས་ གདམ་ཁ་ལེ་ཤ་ དགོཔ་འདུག་ཟེར་ཨིན་པས།
སྤྱི་ཟླ་༣ པའི་ཚེས་༡༩ ཚུན་ འདེམས་ངོ་ཚུ་གིས་ གདམ་ངོའི་འབྲི་ཤོག་བཀང་ནིའི་ དུས་ཚོད་ཡོདཔ་ད་ བཙག་འཐུ་ནང་ དོ་འགྲན་འབད་ནིའི་དོན་ལུ་ མཐར་འཁྱོལ་བྱུང་མི་ལུ་བརྟེན་ བཙག་འཐུའི་འགོ་དཔོན་གྱིས་ འདེམས་ངོ་ཚུ་ལུ་ གདམ་ངོའི་འབྲི་ཤོག་ རྩིས་སྤྲོད་ཡོདཔ་ཨིན་པས།
བུམ་ཐང་རྫོང་ཁག་ལས་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ནང་ དོ་འགྲན་འབད་མི་ འདེམས་ངོ་༢ ཡོདཔ་ད་ དཀོན་མཆོག་ཚེ་རིང་གིས་ ད་ལྟོའི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ ཉི་མ་དང་གཅིག་ཁར་ དོ་འགྲན་འབད་ནི་ཨིན་པས།
དེ་བཟུམ་སྦེ་ སྟང་རྒེད་འོག་གི་ གདམ་ངོའི་འཛོམས་འདུ་སྐབས་ རྒྱལ་ཡོངས་ཚོགས་སྡེའི་ནང་ འཐུས་མི་ ཉི་མ་གིས་ དགོ་ཟེར་བའི་ཚོགས་རྒྱན་༣༧༣ དང་ མི་དགོའི་ཚོགས་རྒྱན་༣༧ ཐོབ་ཡོདཔ་ཨིན་པས།
སྤྱི་ཟླ་༣ པའི་ཚེས་༡༠ ལུ་ ཁྲོམ་སྡེའི་འཛོམས་འདུ་ འགོ་འདྲེན་འཐབ་དང་འབྲེལ་ བུམ་ཐང་རྫོང་ཁག་གི་འཛོམས་འདུ་ མཇུག་བསྡུ་ཡོདཔ་བཞིན་དུ་ གདམ་ངོ་༡ ཐོན་ཡོདཔ་ཨིན་པས།
བཙག་འཐུའི་འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ འདེམས་ངོ་དེ་ གདམ་ངོའི་འཛོམས་འདུ་གི་ཤུལ་ལས་ ཐག་བཅད་ནི་ཨིནམ་ལས་ ཁྱད་ཚད་ལྡན་མི་ཚུ་གིས་ དང་འདོད་ཡོད་པ་ཅིན་ འཛོམས་འདུའི་སྐབས་ གསལ་སྟོན་འབད་ཆོག་ཟེར་ཨིན་པས།
སྟང་ལས་ སྐྱེས་ལོ་༧༤ ལང་མི་ རིག་འཛིན་རྡོ་རྗེ་གིས་ སླབ་མིའི་ནང་ རྒྱལ་ཡོངས་ཚོགས་སྡེ་དེ་ བསྐྱར་ཞིབ་ཚོགས་ཁང་དང་ གཞུང་གི་ སྲིད་བྱུས་ཚུ་ལུ་ ལྟ་རྟོག་འབད་མི་ཅིག་འབདཝ་ལས་ ཚོགས་སྡེའི་འགན་ཁུར་དེ་ གལ་ཅན་ཨིནམ་ལས་ ཁོ་ར་ ཚོགས་རྒྱན་བཙུགས་པར་ མ་འོང་པ་ཅིན་ ལྕོགས་གྲུབ་ཅན་གྱི་གདམ་ངོ་ གདམ་འཐུ་འབད་མ་ཚུགས་པའི་ ཚ་གྱང་ལང་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འཛོམས་འདུའི་སྐབས་ ཚོགས་རྒྱན་བཙུགས་པར་ ལྷོད་མི་དེ་ འཁོར་ལམ་ལྷོད་མི་ལུ་བརྟེན་ཨིནམ་ད་ དུས་ཡུན་ཆུ་ཚོད་ལས་བཅད་དེ་ རྐང་སྟོང་སྦེ་ འགྱོ་དགོ་པ་ཅིན་ ཁོ་ལུ་ ལཱ་ཁག་བཏང་བཏངམ་ འོང་ནི་ཨིནམ་ད་ ཁོ་དང་གཅིག་ཁར་ སྐྱེས་ལོ་༧༡ ལང་མི་ གནས་ཚང་ཡང་ འོང་ཡོདཔ་ཨིན་པས།
ཨུ་ར་རྒེད་འོག་ འཛོམས་འདུའི་སྐབས་ ཚོགས་རྒྱན་བཙུགས་མི་༡༣༩ དང་ ཆུ་སྨད་ལུ་༢༠༦ དེ་ལས་ ཆོས་འཁོར་རྒེད་འོག་ འཛོམས་འདུའི་ནང་ ཚོགས་རྒྱན་བཙུགས་མི་༤༣༩ འོང་མི་དེ་ མཐོ་ཤོས་ཨིན་རུང་ རྒེད་འོག་དེ་༣ ནང་ དོ་འགྲན་འབད་མི་ གདམ་ངོ་མེདཔ་ཨིན་པས།
བུམ་ཐང་རྫོང་ཁག་གི་ གདམ་ངོའི་འཛོམས་འདུ་དེ་ སྤྱི་ཟླ་༣ པའི་ཚེས་༦ ལས་ འགོ་བཙུགས་ཡོད་པའི་གནས་ཚུལ།
སྐད་སྒྱུར་ སྐལ་བཟང་དབང་ཕྱུག།