༉ འདས་པའི་ཟླཝ་ནང་ བུམ་ཐང་ལུ་ དབྱར་རྩྭ་དགུན་འབུབ་ ཀེ་ཇི་༡ གིས་ དངུལ་ཀྲམ་ས་ཡ་༢.༧༡ ཐོབ་མི་དེ་ ད་ཚུན་གྱི་བར་ན་ མཐོ་ཤོས་ཨིནམ་མ་ཚད་ ན་ཧིང་ཡང་ གོང་ཚད་མཐོ་ཤོས་ར་ བུམ་ཐང་ལས་ ཐོབ་ཅི་ཟེར་ སོ་ནམ་ཚོང་འབྲེལ་དང་ མཉམ་ལས་ལས་ཁུངས་ཀྱི་ སྙན་ཞུའི་ནང་བཀོད་ནུག།
ན་ཧིང་ བུམ་ཐང་ཆོས་འཁོར་རྒེད་འོག་ལྟེ་བའི་ནང་ མི་མང་རིན་བསྡུར་ཐོག་ བཙོང་པའི་སྐབས་ དབྱར་རྩྭ་དགུན་འབུབ་ཀེ་ཇི་༡ ལུ་ དངུལ་ཀྲམ་ས་ཡ་༡.༥༥ ཐོབ་མི་དེ་ རྒྱལ་ཁབ་ནང་ སྤྱི་ལོ་༢༠༠༤ ལུ་ དབྱར་རྩྭ་དགུན་འབུབ་ བསྡུ་བསྒྱོམ་འབད་ཆོགཔ་ བཟོ་ཞིནམ་ལས་ཚུར་ གོང་ཚད་མཐོ་ཤོས་ཅིག་ཨིན་པས།
སྙན་ཞུ་དང་འཁྲིལཝ་ད་ དུས་ཅི་ སྤྱི་ཟླ་༧ པའི་ཚེས་༡༩ དང་༢༠ ལུ་ དབྱར་རྩྭ་དགུན་འབུབ་ཀེ་ཇི་བསྡོམས་༨༤.༢༦༨ རིན་བསྡུར་ཐོག་ལས་ བཙོང་མི་དེ་ ན་ཧིང་དང་ཕྱདཔ་ད་ ཀེ་ཇི་༦༠ ཡར་འཕར་སོང་ནུག།
རིན་ཐང་ཆེ་བའི་ དབྱར་རྩྭ་དགུན་འབུབ་ བསྡུ་བསྒྱོམ་འབད་མི་ཚུ་གིས་ རིན་བསྡུར་འབདཝ་ད་ ཁོང་རའི་རེ་བ་དང་འཁྲིལ་ གོང་ཚད་མ་ཐོབ་མི་ལུ་བརྟེན་ འབུབ་ཀེ་ཇི་༡༩.༩༢ ཕྱིར་བཏོན་འབད་ཡོདཔ་ད་ ན་ཧིང་ རིན་བསྡུར་ཐོག་ལས་བཙོང་པར་ འབུབ་ཀེ་ཇི་༢༤ འབག་འོང་མི་ལས་ ཀེ་ཇི་༡༢.༡ ཕྱིར་བཏོན་འབད་ཡོདཔ་ཨིན་པས།
ཉིནམ་དང་པའི་ནང་ དབྱར་རྩྭ་དགུན་འབུབ་ཀྱི་ གོང་ཚད་དམའ་ཤོས་ར་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༢༡,༠༠༠ དང་ མཐོ་ཤོས་ར་ དངུལ་ཀྲམ་༩༠༢,༠༠༠ ཚུན་ཐོབ་ནུག།
བུམ་ཐང་རྫོང་ཁག་ནང་ ཆོས་འཁོར་དང་ སྟང་ ཆུ་སྨད་རྒེད་འོག་ཚུ་གི་ མི་སེར་ཚུ་ལུ་ དབྱར་རྩྭ་དགུན་འབུབ་ བསྡུ་བསྒྱོམ་འབད་ཆོག་པའི་ ཁྲིམས་མཐུན་གནང་བ་སྤྲོད་དེ་ཡོདཔ་ཨིན་པས།
སོ་ནམ་ལྷན་ཁག་གི་ སྙན་ཞུ་དང་འཁྲིལཝ་ད་ འདས་པའི་ལོ་༥ གི་ནང་ དབྱར་རྩྭ་དགུན་འབུབ་ རིན་བསྡུར་ཐོག་ལས་བཙོང་པའི་ གོང་ཚད་ཚུ་ འགྲོས་ཀྱིས་སྦེ་ ཡར་སེང་སོང་ཡོད་མི་དེ་ཡང་ སྤྱི་ལོ་༢༠༡༦ ལུ་ དབྱར་རྩྭ་དགུན་འབུབ་ཀེ་ཇི་རེ་ལུ་ དངུལ་ཀྲམ་ས་ཡ་༠.༦༧ ལས་ དངུལ་ཀྲམ་ས་ཡ་༠.༨༡༨ ལུ་ ཡར་སེང་དང་ དུས་ཅི་ དངུལ་ཀྲམ་ས་ཡ་༡.༤༢༣ ལུ་ ཡར་འཕར་སོང་ནུག་ཟེར་ཨིན་པས།
སྤྱི་ཟླ་༧ པའི་ཚེས་༡༤ ལས་ སྤྱི་ཟླ་༨ པའི་ཚེས་༦ ཚུན་ཚོད་ དབྱར་རྩྭ་དགུན་འབུབ་ ཕྱིར་ཚོང་འཐབ་མི་༣༥ གིས་ རིན་བསྡུར་ནང་ བཅའ་མར་གཏོགས་ཡོདཔ་ཨིན་པས།
ནགས་ཚལ་དང་ གླིང་ཁ་ཞབས་ཏོག་ལས་ཁུངས་ཀྱིས་ གནས་ཐོ་བཞག་མི་དང་འཁྲིལཝ་ད་ དབྱར་རྩྭ་དགུན་འབུབ་བསྡུ་ཆོག་པའི་ གནང་བ་༣,༡༩༨ སྤྲོད་མི་ལས་༢,༢༨༡ རྐྱངམ་གཅིག་གིས་ རིན་བསྡུར་ནང་ འབག་འོང་ནུག་ཟེར་ཨིནམ་ད་ ཆོག་ཐམ་འཆང་མི་༩༡༧ གྱིས་ དུས་ཅི་ བསྡུ་བསྒྱོམ་ནང་ བཅའ་མར་གཏོགས་མ་གཏོགས་ ཡང་ཅིན་ ཁོང་གིས་ ཐད་ཀར་དུ་ ཕྱིར་ཚོང་འཐབ་མི་ཚུ་ལུ་ བཙོང་ཡོདཔ་ཨིན་ན་ ཏན་ཏན་སྦེ་ ཤེས་རྟོགས་བྱུང་མ་ཚུགས་ཟེར་ཨིན་པས།
རིན་བསྡུར་ནང་ གནས་གོང་དངུལ་ཀྲམ་ས་ཡ་༢༠༣ དེ་ཅིག་གི་ དབྱར་རྩྭ་དགུན་འབུབ་ཀེ་ཇི་༣༧༦ བཙོང་ཡོདཔ་ཨིན་པས།
དུས་ཅི་ དབང་འདུས་ཕོ་བྲང་རྫོང་ཁག་ནང་ དབྱར་རྩྭ་དགུན་འབུབ་ཀེ་ཇི་༢༥༥.༣༦ བསྡུ་བསྒྱོམ་འབད་མི་དེ་ མཐོ་ཤོས་ཨིནམ་ད་ བཀྲིས་གཡང་རྩེ་དང་ ལྷུན་རྩེ་རྫོང་ཁག་༢ བསྡོམས་ཏེ་ ཀེ་ཇི་༡.༠༡ རིན་བསྡུར་ཐོག་ བཙོང་མི་དེ་ ཉུང་ཤོས་ཨིན་པའི་གནས་ཚུལ།
Check Also
ཆུ་ཁ་རྫོང་ཁག་གི་ འདེམས་ངོ་ཚུ་གིས་ ཁྲིམས་ལུགས་དང་ སྲིད་བྱུས་ཚུ་ བསྐྱར་ཞིབ་འབད་ནི་ལུ་ གཙོ་བོར་བཏོན་ཡོདཔ།
༉ ཆུ་ཁ་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་སྦེ་ དོ་འགྲན་འབད་མི་ འདེམས་ངོ་༤ པོ་ཆ་ར་གིས་ རྒྱལ་ཁབ་ཀྱི་ ཁྲིམས་ལུགས་དང་ སྲིད་བྱུས་ སྒྲིག་གཞི་ཚུ་ རྒྱལ་ཁབ་དང་མི་སེར་ལུ་ དགོས་མཁོ་ཡོད་མེད་དང་ ཕན་ཐོགས་ཡོད་མེད་ཀྱི་ ཞིབ་དཔྱད་འབད་ཞིནམ་ལས་ བསྐྱར་ཞིབ་འབད་ནི་ལུ་ …