ལོག་སྒོ་ཕྱེས་མི་ བུ་ས་ཨོ་ཆས་ཐོན་སྐྱེད་ཁང་།

བུ་ས་ཨོ་ཆས་ཐོན་སྐྱེད་ཁང་ ལོག་སྒོ་ཕྱེས་མི་དང་བསྟུན་ འོང་འབབ་བཟོ་ཚུགས་པའི་རེ་བ།

༉ དབང་འདུས་ཕོ་བྲང་ སྲས་ཕུག་རྒེད་འོག་ བུ་ས་དང་ ཟི་རི་སྤྱི་འོག་གི་ གཡུས་མི་ཚུ་གིས་ རང་སོའི་ སྒོ་ནོར་ལས་ཐོན་མི་ཨོམ་ཚུ་ བུ་ས་ཨོ་ཆས་ཐོན་སྐྱེད་ཁང་ནང་ བཙོང་ནི་འགོ་བཙུགས་ནུག།

དེ་ཡང་ འདས་པའི་ཟླཝ་ནང་ལས་ བུ་ས་ཨོ་ཆས་ཐོན་སྐྱེད་ཁང་ ལོག་སྒོ་ཕྱེས་མི་དང་འཁྲིལ་ཏེ་ཨིནམ་ད་ ཚོང་ལམ་དེ་ ལེགས་ཤོམ་འགྱོ་བའི་ རེ་བ་བསྐྱེདཔ་ཨིན་པས།
གཡུས་མི་ཚུ་གིས་ ད་རེས་ཁམས་ཅིག་ལས་ ཨོམ་གྱི་ཐོན་ཤུགས་སྦོམ་ཡོད་པའི་ནོར་ ཇར་སི་བའི་རིགས་ཚུ་ཡང་ མཁོ་སྒྲུབ་འབད་ནི་ འགོ་བཙུགས་ཏེ་ཡོདཔ་ད་ དེ་གི་དོན་ལུ་ རྫོང་ཁག་སྒོ་ནོར་སྡེ་ཚན་གྱི་ ཁ་ཐུག་ལས་ཡང་ དངུལ་ཀྲམ་༡༢,༠༠༠ གྲོགས་རམ་བྱིན་ཡོདཔ་ཨིན་པས།
ཇར་སི་བ་ལ་ལོ་ཅིག་ ཕྱུག་གུ་ཡང་ འཚའ་ཡོདཔ་ཨིན་རུང་ ལ་ལོ་ཅིག་ རང་སོའི་ནོར་ཚུ་གིས་ བའུ་ཅུང་འཚའ་ནི་ལུ་ རེ་བ་བསྐྱེད་དེ་འདུག།
དབང་འདུས་དགོན་པ་ལས་ སྐྱེས་ལོ་༦༧ འབད་མི་ བུལམོ་གིས་ བཤད་མིའི་ནང་ མོ་གིས་ ད་རེས་ཁམས་ དངུལ་ཀྲམ་༤༠,༠༠༠ སྤྲོད་ཐོག་ལས་ ཇར་སི་བ་ཅིག་ མཁོ་སྒྲུབ་འབད་ཡོདཔ་མ་ཚད་ མོ་རའི་ཁྲ་བམ་ཅིག་གིས་ཡང་ བོའུ་ཅུང་འཚའ་ཡོདཔ་ལས་ ད་རེས་ ཨོམ་ཚུ་ བུ་ས་ཨོ་ཆས་ཐོན་སྐྱེད་ཁང་ནང་ བཙོང་དོ་ཟེར་ཨིན་པས།
མོ་གིས་ བཤད་མིའི་ནང་ མ་གཞི་ ཧེ་མ་ཡང་ མོ་གིས་ ཨོམ་བཞོ་སྟེ་ ཐོན་སྐྱེད་ཚུ་ བཟོ་དོ་ཡོདཔ་ཨིན་རུང་ རེ་ཚེ་སྐབས་ རང་གིས་ཟ་ཚར་དོ་ཡོདཔ་མ་ཚད་ རེ་ཚེ་སྐབས་ བཙོང་མ་ཚུགས་པའི་ དཀའ་ངལ་བྱུངམ་ཨིན་ཟེར་ཨིན་པས།
ཨིན་རུང་ ད་རེས་ ཨོ་ཆས་ཐོན་སྐྱེད་ཁང་ནང་ བཙོང་པའི་སྐབས་ ག་དེམ་ཅིག་ཐོནམ་ཅིག་ འོང་འབབ་མ་གཏོགས་ རང་གིས་རྫོགས་དགོཔ་མིན་འདུག་ཟེར་ཨིན་པས།
བུ་ས་ལས་ སྐྱེས་ལོ་༢༤ འབད་མི་ འཆི་མེད་ལྷམོ་གིས་ སླབ་མིའི་ནང་ མོ་ལུ་ ནོར་༩ ཡོད་མི་ལས་ ད་རེས་༣ བཞོ་ནི་ཡོད་ཟེར་ཨིན་པས།
དེ་དང་འཁྲིལ་ ད་རེས་ མོ་གིས་ ཨོམ་ལི་ཊར་༥ དེ་རེ་ ཨོ་ཆས་ཐོན་སྐྱེད་ཁང་ནང་ ཉིན་བསྟར་བཞིན་དུ་ བཙོང་ཚུགས་དོ་ཡོདཔ་ཨིན་པས།
མོ་བཟུམ་སྦེ་ སྐྱེས་ལོ་༥༨ ལང་མི་ པ་སངས་མཚོ་མོ་གིས་ཡང་ ཉིན་བསྟར་བཞིན་དུ་ ཨོམ་ལི་ཊར་ ཕྱེད་དང་གསུམ་རེ་ བཙོང་དོ་ཡོདཔ་ཨིན་རུང་ མོ་ལུ་ ཁྲ་བམ་གཉིས་མ་གཏོགས་ མེདཔ་ཨིན་པས།
སྐྱེས་ལོ་༦༨ འབད་མི་ ཉི་མ་དཔལ་སྒྲོན་གྱིས་ བཤད་མིའི་ནང་ མ་གཞི་ ཧེ་མ་ མོ་ལུ་ ནོར་མེདཔ་ལས་ ད་རེས་ཁམས་ ཇར་སི་བ་གཅིག་ཉོ་ཡོད་རུང་ དེ་གིས་ བོའུ་ཅུང་མ་འཚའ་བར་ ཡོདཔ་ཨིན་པས།
བུ་ས་དང་ ཟི་རི་སྤྱི་འོག་གི་ཚོགས་པ་ བཀྲིས་རྡོ་རྗེ་གིས་ བཤད་མིའི་ནང་ མ་གཞི་ ཨོ་ཆས་ཐོན་སྐྱེད་ཁང་དེ་ ཧེ་མ་ལས་ར་ ཡོདཔ་ཨིན་རུང་ དེ་བསྒང་ ཨོམ་གྱི་རིན་གོང་ཡང་ སྤྲོད་མ་ཚུགས་པའི་ཁར་ ལས་བྱེདཔ་ལུ་ཡང་ དངུལ་ཕོགས་བཏང་མ་ཚུགས་པའི་ གནད་དོན་ལུ་བརྟེན་ ལོ་༥ དེ་ཅིག་གི་རིང་ སྒོ་བསྡམས་བཞག་དགོཔ་ ཐོན་ཡི་ཟེར་ཨིན་པས།
ཨིན་རུང་ ད་རེས་ ཨོ་ཆས་ཐོན་སྐྱེད་ཁང་དེ་ དུས་ཅི་ སྤྱི་ཟླ་༥ པའི་ནང་ལས་ ལོག་སྟེ་ར་ སྒོ་ཕྱེས་ཏེ་ཡོད་ཟེར་ ཨིན་པའི་གནས་ཚུལ།

སྲས་ཕུག་ལས་ ཉི་མ་དབང་འདུས།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *