༉ རྒྱལ་ཁབ་ཀྱི་ བུ་ལོན་འཛིན་སྐྱོང་ལེགས་ཤོམ་འཐབ་ནིའི་དོན་ལུ་ མི་མང་གི་ སྲིད་བྱུས་བཟོ་དགོཔ་སྦེ་ གྲོས་འདེབས་ཕུལ་ཡོདཔ་བཞིན་དུ་ གཞུང་གིས་ དེ་ལུ་ངོས་ལེན་འབད་དེ་ སྤྱི་ལོ་༢༠༡༦ གི་ ཟླཝ་༨ པའི་ནང་ མི་མང་བུ་ལོན་སྲིད་བྱུས་ཆ་འཇོག་གྲུབ་ཡོད་མིའི་ནང་ བུ་ལོན་གྱི་ཚད་གཞི་ བརྒྱ་ཆ་༢༥ སྦེ་ འཁོད་ཡོད་རུང་ རྩིས་ལོ་༢༠༡༦-༢༠༡༧ གྱི་ལོ་ནང་ བརྒྱ་ཆ་༢༥.༧ ལུ་ ཡར་སེང་སོང་ཡོད་མི་དེ་ ཚད་གཞི་ལས་བརྒལ་ཡོདཔ་ལས་ ཚ་གྱང་ལངམ་མས་ཟེར་ གཞལམ་སྒང་གི་འཐུས་མི་ པདྨ་གྲགས་པ་གིས་ཞུ་ཡི།
གནད་དོན་དེ་ཡང་ ཁ་ཙ་ རྒྱལ་ཡོངས་ཚོགས་སྡེ་ནང་ འཆར་དངུལ་དཔྱ་བགོ་དཔྱད་ཡིག་གི་ སྙན་ཞུ་ཕུལ་བའི་སྐབས་ལུ་ དངུལ་རྩིས་བློན་པོ་ལུ་ ཞུ་ཡོདཔ་ཨིན།
པདྨ་གྲགས་པ་གིས་འབད་བ་ཅིན་ སྲིད་བྱུས་ནང་ མི་མང་གི་བུ་ལོན་གྱི་ ཚད་གཞི་དེ་ བརྒྱ་ཆ་༢༥ འོང་དགོཔ་སྦེ་ཨིན་རུང་ ཧེ་མའི་གཞུང་གིས་ རྩིས་ལོ་༢༠༡༦ དང་༢༠༡༧ གྱི་ སྔོན་རྩིས་བརྒྱ་ཆ་༡༦.༣ བཞག་ཡོད་རུང་ བརྒྱ་ཆ་༢༥.༧ ལུ་ ཡར་སེང་སོང་མི་དེ་ ཚད་གཞི་ལས་བརྒལ་ཡོདཔ་ལས་ རྒྱལ་ཡོངས་ཚོགས་སྡེ་གིས་ ལཱ་ཁག་སྦེ་བཟོ་ཡོད་མི་ སྲིད་བྱུས་དེ་ལུ་ ཆ་མ་བཞག་པའི་ ཚ་གྱང་ལངམ་མས་ཟེར་ཞུ་ཡི།
དེ་འབདཝ་ལས་ གཞུང་གིས་ རྩིས་ལོ་༢༠༡༦-༢༠༡༧ གྱི་ སྔོན་རྩིས་བཏོན་མི་ བརྒྱ་ཆ་༡༦.༣ ལས་ བརྒྱ་ཆ་༢༥.༧ ལུ་ ག་དེ་སྦེ་ཡར་སེང་ཡར་སོཔ་ཨིན་ན་དང་ མ་འོངས་པ་ལུ་ མི་མང་བུ་ལོན་སྲིད་བྱུས་ལས་ མི་བརྒལ་ནི་གི་ ཐབས་ལམ་དང་ གྲ་སྒྲིག་ག་ཅི་ར་ འབད་དོ་ཡོདཔ་ཨིན་ན་ཟེར་ དངུལ་རྩིས་བློན་པོ་ རྣམ་རྒྱལ་རྡོ་རྗེ་ལུ་ ཞུ་ཡི།
དངུལ་རྩིས་བློན་པོ་གིས་འབད་བ་ཅིན་ རྒྱལ་ཁབ་འདི་ ཆུང་ཀུ་འབད་ནི་དེ་གིས་ འོང་འབབ་དང་ གཞན་མི་ ག་ཅིའི་ཐད་ལས་འབད་རུང་ ཆུང་ཀུ་ཨིནམ་ལས་ བུ་ལོན་གྱི་ཐད་ཁར་ རིགཔ་འགྱིམ་སྟེ་ ལཱ་འབད་དགོཔ་ ཁག་ཆེ་བས་ཟེར་ཞུ་ཡི།
བློན་པོ་གིས་ ཞུ་མིའི་ནང་ སྤྱི་ལོ་༢༠༡༠ དང་༢༠༡༡ ལས་ཚུར་ རྒྱལ་ཁབ་ནང་ རུ་པི་གི་ སྟབས་མ་བདེཝ་ལེ་ཤ་ཐོན་ཡོདཔ་ལས་ མ་འོངས་པ་ལུ་ བུ་ལོན་འཛིན་སྐྱོང་འཐབ་ནིའི་དོན་ལུ་ གཞུང་གིས་ མཁས་མཆོག་ཚུ་དང་གཅིག་ཁར་ ལོ་ངོ་༣ གྱི་རིང་ གྲོས་བསྟུན་འབད་བའི་ཤུལ་ལུ་ སྤྱི་ལོ་༢༠༡༦ ལུ་ སྲིད་བྱུས་དེ་ གསར་བཏོན་འབད་ཡི་ཟེར་ཞུ་ཡི།
སྤྱི་ལོ་༢༠༡༦-༢༠༡༧ ལུ་ ཚོད་རྩིས་བཀོད་མི་ལས་ ཡར་སེང་འགྱོ་དགོ་མི་དེ་ཡང་ ཁྱིམ་ཚང་རྒྱལ་ཁབ་ཀྱི་ དངུལ་ཁང་ལྟེ་བ་ལས་ རུ་པི་ཐེར་འབུམ་༦ ལྷགཔ་ཅིག་ བུ་ལོན་ལེན་མི་དེ་ སྤྱི་ལོ་༢༠༡༦ གྱི་ ཟླཝ་༧ པའི་ནང་ ལོག་བཏབ་ནི་དེ་གིས་ཨིན་ཟེར་ཞུ་ཡི།
ད་ལས་ཕར་ བསྐྱིན་འགྲུལ་གྱི་སྐྱེད་ཚུ་ མར་བབས་འགྱོ་བའི་ཁར་ སྒེར་སྡེ་ཚུ་ ཤུགས་ཐལ་ཏེ་ དཔལ་འབྱོར་སྟབས་བདེ་ཏོག་ཏོ་འགྱོཝ་དང་འབྲེལ་ ཕྱིར་ཚོང་ཡང་ ཡར་སེང་འགྱོ་བའི་བསྒང་ལས་ གནས་སྟངས་དེ་ ག་དེ་དྲག་དྲག་ ལེགས་ཤོམ་འགྱོ་འོང་ཟེར་ བློན་པོ་གིས་ གསལ་ཞུ་འབད་ཡི།
དེ་འབདཝ་ལས་ སྐྱེད་ཚུ་མར་འབབ་འགྱོ་བའི་བསྒང་ལས་ རྒྱལ་ཁབ་ཀྱི་ དཔལ་འབྱོར་ཡར་དྲག་སོང་སྟེ་ མི་མང་གི་ བུ་ལོན་དེ་ ཚད་གཞི་གུ་ གནས་ཚུགས་པའི་ ཁས་ལེན་འབད་ཚུགས་ཟེར་ དངུལ་རྩིས་བློན་པོ་ རྣམ་རྒྱལ་རྡོ་རྗེ་གིས་ ཞུ་ཡོད་པའི་གནས་ཚུལ།
ཡེ་ཤེས་སྒྲོལ་མ།