༉ ཁ་ཙ་ ས་བརྐོ་འཕྲུལ་ཆས་ཅིག་གིས་ རྩི་རང་རྫོང་ཁག་ བུ་རི་ཆུ་དང་ གསེར་གྱི་ཐང་གི་ཕྲང་ལམ་ སེལ་ཚུགས་ཚུགས་ལུ་ དུས་ཡུན་ཆུ་ཚོད་༨ དེ་ཅིག་ འགོར་ཡོདཔ་ད་ འཁོར་ལམ་བསུབས་མི་ལུ་བརྟེན་ སྣུམ་འཁོར་ཚུ་ རྒྱུན་འགྲུལ་འཐབ་མ་ཚུགས་པར་ ཉིན་གྲངས་༡༥ སོང་ཡོདཔ་ཨིན་པས།
དེ་ཡང་ ལམ་ལྟག་ལས་ རྡོ་སྦོམ་དང་ ས་རོ་རྡོ་རོ་ཚུ་ བུད་འོང་སྟེ་ འཁོར་ལམ་མི་ཊར་༥༠ དེ་ཅིག་ བསུབས་ཡོདཔ་ད་ ནོར་བུ་སྒང་ཚོགས་པ་ ནར་བྷ་དུར་རའི་གིས་ སླབ་མིའི་ནང་ ས་བརྐོ་འཕྲུལ་ཆས་མ་བཙུགས་པའི་ཧེ་མར་ རྒེད་འོག་ལས་ ཁས་བླངས་པ་༡༢ འབད་མི་ སྡེ་ཚན་ཅིག་གིས་ སྣུམ་འཁོར་ཆུང་བ་ཚུ་རྐྱངམ་གཅིག་ ཐལ་ཡོདཔ་སྦེ་ ལམ་སེལ་ནུག་ཟེར་ཨིན་པས།
ཁས་བླངས་པ་ཚུ་གིས་ ལམ་སེལ་མི་དེ་ཡང་ འཁོར་ལམ་བསུབས་ཞིནམ་ལས་ཚུར་ དབང་འདུས་དང་ རྩི་རང་གི་ གཞུང་ལམ་བདའ་སྟེ་ ཚོང་འབྲེལ་འཐབ་མི་ གྲོང་གསེབ་མི་སེར་ཚུ་ལུ་ ཐོ་སྦོམ་སྦེ་ར་ ཕོག་ནི་དེ་གིས་ཨིནམ་ད་ ལམ་དེ་ཤུགས་སྦེ་ར་ བསུབས་ཡོད་ནི་དེ་གིས་ ལམ་དེ་ཁ་ལས་ མི་ཡང་འགྱོ་མ་ཚུགསཔ་ ཐལ་སོ་ནུག་ཟེར་ ཚོགས་པ་གིས་ བཤདཔ་ཨིན་པས།
རིང་ཐུང་ཀི་ལོ་མི་ཊར་༩ འབད་མི་ ཕྲང་ལམ་དེ་ གསེར་གྱི་ཐང་དང་ རྩི་རང་སྟོད་ སེམས་ལྗོངས་ཕུན་བརྟན་ཆུ་རྒེད་འོག་༤ གི་ མི་སེར་ཚུ་གི་དོན་ལུ་ གལ་གནད་ཅན་ཅིག་ཨིན་མི་དེ་ཡང་ ཕྲང་ལམ་གྱི་ སྦྲེལ་མཐུད་ལུ་བརྟེན་ ལམ་འགྲུལ་གྱི་ དུས་ཡུན་ཆུ་ཚོད་༢ ལྷགཔ་ཅིག་ ཐུང་ཀུ་བཟོ་ཡོདཔ་ཨིན་རུང་ ད་ལྟོ་ ལམ་རྩི་ནག་མ་གཏང་པར་ ཡོདཔ་ཨིན་པས།
ཚོགས་པ་གིས་འབད་ཅིན་ འཁོར་ལམ་བདའ་སྟེ་ ལམ་འགྲུལ་འབདཝ་ད བུ་རི་ཆུ་ལས་ འགྲམ་ཕུག་ལུ་ ལྷོད་ནི་ལུ་ དུས་ཡུན་ཆུ་ཚོད་༡ དེ་ཅིག་དང་ གསེར་གྱི་ཐང་དང་ རྩི་རང་སྟོད་ཁ་ཐུག་ལུ་ འགྱོ་བ་ཅིན་ ད་རུང་ དུས་ཡུན་ཆུ་ཚོད་༡ དང་ཕྱེད་དེ་ཅིག་ འགོརཝ་ཨིན་རུང་ ཕྲང་ལམ་བདའ་སྟེ་ འགྱོ་བ་ཅིན་ གསེར་གྱི་ཐང་ལུ་ དུས་ཡུན་ཆུ་ཚོད་ཕྱེད་དང་ རྩི་རང་སྟོད་ལུ་ ཆུ་ཚོད་༡ ནང་ ལྷོད་ཚུགས་དོ་ཡོདཔ་ཨིན་པས།
ང་བཅས་ཀྱིས་ ཕྲང་ལམ་བསུབས་པའི་ཤུལ་ལུ་ སེལ་མ་ཚུགས་མི་དེ་ཡང་ ས་བརྐོ་འཕྲུལ་ཆས་མ་ཐོབ་ནི་དེ་གིས་ཨིན་ཟེར་ ཚོགས་པ་གིས་ བཤདཔ་ཨིན་པས།
ཕྲང་ལམ་སེལ་ཏེ་ ལོ་༢ རྐྱངམ་གཅིག་ལང་ཡོདཔ་ད་ བུ་རི་ཆུ་ལུ་སྡོད་མི་ བཀྲིས་འབྲུག་པ་གིས་ སླབ་མིའི་ནང་ ན་ཧིང་ གནམ་བྱཱར་གྱི་སྐབས་ལུ་ཡང་ ཕྲང་ལམ་བསུབས་ཏེ་ ཉིན་གྲངས་མང་རབས་ཅིག་ སྣུམ་འཁོར་ཚུ་ རྒྱུན་འགྲུལ་འཐབ་མ་ཚུགས་པར་ ལུས་ཡི་ཟེར་ཨིནམ་ད་ དུས་ཅི་ཡང་ ལམ་བསུབས་ཡོདཔ་ལས་ ཁོ་གིས་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་ལུ་ ལམ་གང་མགྱོགས་སེལ་གནང་དགོ་པའི་ ཞུ་བ་འབད་ཡི་ཟེར་ སྐྱེས་ལོ་༨༣ ལང་མི་གིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ཁས་བླངས་པ་ཚུ་གིས་ ལམ་སེལ་ནི་ལུ་ ག་དེ་དྲག་དྲག་ རྩ་འགེངས་ཡོད་རུང་ རྡོ་སྦོམ་བུད་འོང་མི་ཚུ་ འཐུ་བཀོག་མ་ཚུགས་ཟེར་ཨིན་པས།
ཁ་ཙ་ སྒེར་གྱི་ས་བརྐོ་འཕྲུལ་ཆས་ཅིག་ དུས་ཡུན་ཆུ་ཚོད་རེ་ལུ་ དངུལ་ཀྲམ་༢,༣༠༠ སྦེ་ གླ་ཁར་ལེན་ཏེ་ ལམ་སེལ་བཅུག་ཡོད་པའི་གནས་ཚུལ།

ཁས་བླངས་པ་༡༢ འབད་མི་ སྡེ་ཚན་ཅིག་གིས་ ལག་ཐོག་ལས་ ལམ་སེལ་བའི་བསྒང་།