བཱསི་གི་དེད་གཡོགཔ་༩༤ ལས་༣ ལུ་ སྨྱོ་རྫས་སྤྱོད་ཡོད་པའི་གྲུབ་འབྲས།

༉ ཁ་ཙ་ ཕུན་ཚོགས་གླིང་ལུ་ མི་མང་སྐྱེལ་འདྲེན་བཱསི་ ཐོན་འཛུལ་ས་ཁོངས་ནང་ ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་དབང་འཛིན་གྱིས་ བཱསི་གི་དེད་གཡོགཔ་༢༡ ལུ་ སྨྱོ་རྫས་ཀྱི་ བརྟག་དཔྱད་འབདཝ་ད་ དེད་གཡོགཔ་༣ གྱིས་ སྨྱོ་རྫས་སྤྱོད་ཡོད་པའི་གྲུབ་འབྲས་ཐོན་ནུག།
དབང་འཛིན་གྱི་ ལས་རིམ་འགོ་དཔོན་ བསོད་ནམས་དོན་གྲུབ་ཀྱིས་ སླབ་མིའི་ནང་ བཱསི་གི་དེད་གཡོགཔ་༣ ལུ་ སྨྱོ་རྫས་ཀྱི་ གྲུབ་འབྲས་ཐོན་པའི་ཤུལ་ལས་ ཁོང་གི་དེད་གཡོག་པའི་ཆོག་ཐམ་ གནས་སྐབས་ཅིག་ ལག་ལེན་འཐབ་མ་ཆོགཔ་སྦེ་ བཀག་འཛིན་འབད་བའི་ཁར་ སྐྱེལ་འདྲེན་བཱསི་གི་ ཇོ་བདག་ཚུ་ལུ་ དེ་འཕྲོ་ལས་ དེད་གཡོགཔ་ཚབ་བཙུགས་དགོཔ་སྦེ་ སླབ་ཅི་ཟེར་ཨིན་པས།
དེད་གཡོགཔ་༣ གྱི་གྲས་ལས་༢ ཀྱིས་ སྨྱོ་རྫས་ཊ་མོ་ཌཱོལ་དང་༡ གིས་ ཀེ་ཧང་སྤྱོད་ཡོད་པའི་ གྲུབ་འབྲས་ཐོན་ཡོདཔ་ཨིན་པས།
སྐྱེས་ལོ་༣༢ དང་༣༧ འབད་མི་ དེད་གཡོགཔ་༢ ཕུན་ཚོགས་གླིང་དང་ བསམ་གྲུབ་ལྗོངས་མཁར་གྱི་བར་ན་ བཱསི་བཏང་མི་ཨིནམ་ད་ སྐྱེས་ལོ་༤༨ འབད་མི་ དེད་གཡོགཔ་དེ་ ཕྱི་མི་ཨིནམ་བཞིན་དུ་ ཁོ་ར་ ཕུན་ཚོགས་གླིང་དང་ སི་ལི་གུ་རིའི་བར་ན་ འགྲུལ་སྐྱེལ་བཱསི་བཏངམ་ཨིན་པས།
བསོད་ནམས་དོན་གྲུབ་ཀྱིས་འབད་བ་ཅིན་ ཁོང་༣ གྱི་ དེད་གཡོག་པའི་ ཆོག་ཐམ་ཚུ་ ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་དབང་འཛིན་གྱི་བཅའ་ཁྲིམས་༡༩༩༩ ཅན་མ་དང་འཁྲིལ་ དུས་ཡུན་ཟླཝ་༦ གི་རིང་ བཀག་འཛིན་འབད་དེ་ བཞག་འོང་ཟེར་ཨིནམ་ད་ སྣུམ་འཁོར་གཏང་ནི་གི་ ཆོག་ཐམ་ལོག་ལེན་ནིའི་དོན་ལུ་ འབྲེལ་ཡོད་དབང་འཛིན་ཚུ་ལས་ སྨྱོ་རྫས་ལག་ལེན་མེད་པའི་ ཉོགས་མེད་ཡི་གུ་དང་ མི་ཚེ་ཉམས་གསོ་ལྟེ་བ་ཚུ་ནང་ བསླབ་སྟོན་ལས་རིམ་ནང་ བཅའ་མར་གཏོགས་ཡོད་པའི་ ངོ་སྦྱོར་ཡི་གུ་ཚུ་ བཏོན་དགོ་ཟེར་ཨིན་པས།
དབང་འཛིན་གྱིས་ སྤྱི་ཟླ་༩ པའི་ཚེས་༤ ལུ་ ཐིམ་ཕུག་ལས་ འགོ་བཙུགས་ཏེ་ ད་ཚུན་གྱི་བར་ན་ སྐྱེལ་འདྲེན་བཱསི་གི་ དེད་གཡོགཔ་༩༤ ལུ་ ཆང་དང་སྨྱོ་རྫས་ཀྱི་ བརྟག་དཔྱད་འབད་ཡོདཔ་ད་ དེ་ཡང་ བཱསི་མ་འགྱོ་བའི་ ཧེ་མ་དང་ ས་ཁོངས་ནང་ ལྷོད་པའི་ཤུལ་ལས་ ག་ཐོབ་སྦེ་ བརྟག་དཔྱད་འབད་དོ་ཡོདཔ་ཨིན་པས།
ལས་རིམ་འགོ་དཔོན་གྱིས་འབད་བ་ཅིན་ འཕྲལ་མགྱོགས་ར་ གཞུང་ལམ་བདའ་སྟེ་ གླ་འཁོར་གྱི་ དེད་གཡོགཔ་དང་ སྤྱིར་བཏང་སྣུམ་འཁོར་བཏང་མི་ཚུ་ལུ་ཡང་ བརྟག་དཔྱད་འབད་འོང་ཟེར་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *