བསྟན་སྲུང་དམག་སྡེའི་འགོ་དཔོན་༤ དང་ དམག་མི་༢ ལུ་ ཉེས་པ་མེད་པའི་འཁྲུན་ཆོད།

༉ སྤྱི་ཟླ་༡༠ པའི་ཚེས་༢༤ ལུ་ ཆེ་མཐོ་ཁྲིམས་འདུན་གྱི་ ཁྲིམས་ཁྲི་གསུམ་པ་གིས་ བདེ་སྲུང་སྦྱོང་བརྡར་ནང་ མ་དངུལ་ལོག་སྤྱོད་འབད་བའི་ རྩོད་གཞི་ནང་འབྲེལ་བ་ཡོད་མི་ བསྟན་སྲུང་དམག་སྡེའི་འགོ་དཔོན་༤ དང་ དམག་མི་༢ ལུ་ ཉེས་པ་མེད་པའི་ འཁྲུན་ཆོད་གནང་ཡོདཔ་ཨིན་པས།
འཁྲུན་ཆོད་དེ་ཡང་ ལུང་བསྟན་ཕུག་ལུ་ཡོད་མི་ བསྟན་སྲུང་དམག་སྡེའི་ཁྲིམས་འདུན་གྱིས་ འཁྲུན་ཆོད་བཏོན་མི་དེ་ བསྒྱུར་བཅོས་འབད་དེ་ཨིནམ་ད་ ཆེ་མཐོ་ཁྲིམས་འདུན་གྱིས་ དམག་སྲིད་འོག་མ་ ཀརྨ་མཐར་ཕྱིན་དང་ རིག་འཛིན་ཡེ་ཤེས་ ཨོ་རྒྱན་ནོར་བུ་ དེ་ལས་ ལིང་དཔོན་གླིང་གི་རྒྱ་མཚོ་ དམག་མི་བསོད་ནམས་དོན་གྲུབ་ དེ་ལས་ བཟོད་པ་ཚུ་ ཉེས་འཛུགས་འབད་མི་ག་ར་ལས་ ཉེས་པ་མེདཔ་སྦེ་ འཁྲུན་ཆོད་བཏོན་ནུག།
ཉེས་པ་མེད་པའི་ འཁྲུན་ཆོད་གནང་དགོ་པའི་ གནད་དོན་ཚུ་ཡང་ ཁྲིམས་བཤེར་པ་གིས་ ཁྲིམས་འདུན་ལུ་ སྒྲུབ་བྱེད་ཡོངས་རྫོགས་སྦེ་ ཕུལ་ནི་མེད་མི་ལུ་བརྟེན་ཨིནམ་སྦེ་ བཀོད་ནུག།
ཁྲིམས་འདུན་གྱིས་ བཀོད་མིའི་ནང་ ཉེས་རྩོད་ནང་ མི་༡ ལུ་ཉེས་ཁྲིམས་བཀལ་ནིའི་དོན་ལས་ དོགས་པ་མེད་པའི་སྒྲུབ་བྱེད་བཏོན་ནི་དེ་ ཁག་ཆེ་ཟེར་ཨིན་པས།
ཁྲིམས་འདུན་གྱིས་ ཉེས་འཛུགས་ཆ་མཉམ་ནང་ ཉེས་འཛུགས་ཚུ་ག་ར་ ཚོད་བསྲེ་སྣ་ཚོགས་བཀྲམ་སྤེལ་འབད་མི་ཚུ་གི་ ངག་བརྗོད་ལུ་ གཞི་བཞག་ཐོག་ལས་ ཉེས་འཛུགས་འབད་དེ་འདུག་ཟེར་ བཀོད་ཡོདཔ་མ་གཏོགས་ རྩིས་བཱིལ་ལས་ གཞན་འོས་ལྡན་གྱི་སྒྲུབ་བྱེད་ཚུ་ བཀོད་དེ་མིན་འདུག་ཟེར་ཨིན་པས།
རྩིས་བཱིལ་ཚུ་ཡང་ ལ་ལོ་ཅིག་ ལགཔ་གིས་བྲིས་མི་དང་ ལ་ལོ་ངག་བརྗོད་ཚུ་ཡོད་པའི་ཁར་ ཁྲིམས་རྩོདཔ་ཚུ་གིས་ ཉེས་འཛུགས་ཅན་ཚུ་གིས་ རྩིས་སྒྲིག་འབད་མི་ལུ་བརྟེན་ ཁེ་ཕན་ག་དེ་སྦེ་ མྱོང་ཡོདཔ་ཨིན་ན་ཚུ་ བཀོད་དེ་མེད་པའི་ཁར་ ཏི་རུ་ཚུ་ཡང་ ག་ཏེ་ལུ་ ལག་ལེན་འཐབ་ཡོདཔ་ཨིན་ན་ཚུ་ བཀོད་དེ་མིན་འདུག་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་ ཁྲིམས་འདུན་དང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ ཁོང་གིས་ ཏི་རུ་ཚུ་ སྙོམས་སྒྲིག་འབད་ཡོདཔ་སྦེ་ ཞུ་བ་འབད་ཡོདཔ་ད་ དེ་ཡང་ སྦྱོང་བརྡར་སྐབས་ བཀག་དམ་ཅན་གྱི་ཟས་ཆས་ཚུ་ མགྱོནམ་ཚུ་ལུ་བྱིན་དགོ་ནི་དེ་གིས་ ཨིནམ་སྦེ་ཞུ་ཡོདཔ་ཨིན་པས།
དེ་མ་ཚད་ ཁོང་གིས་ སྦྱོང་བརྡར་སྐབས་ གསོལ་རས་ཀྱི་མ་དངུལ་དང་ མཇུག་བསྡུ་སྦྱོང་བརྡར་གྱི་ ལས་རིམ་སྐབས་ཆ་རོགས་འབད་མི་ཚུ་ལུ་ གསོལ་རས་ཚུ་བྱིན་ཡོད་མི་ཚུ་ རྩིས་བཱིལ་ནང་ བཙུགས་ཐབས་མེདཔ་ལས་ ཁྲིམས་འདུན་གྱིས་ཡང་ གནད་དོན་དེ་ཚུ་གི་དོན་ལུ་གཏང་མི་ ཟད་འགྲོ་ཚུ་ སྙོམས་སྒྲིག་འབད་ནུག་ཟེར བཀོད་ནུག།
ཁྲིམས་འདུན་གྱིས་ སྙོམས་སྒྲིག་འབད་ནི་དེ་ ཁྲིམས་འགལ་ཨིན་རུང་ འབྲུག་གི་སྒྲུབ་བྱེད་བཅའ་ཁྲིམས་ཀྱི་དོན་ཚན་༦༦ པ་དང་འཁྲིལཝ་ད་ ལས་སྡེ་དང་མི་ངོ་གིས་ སྙོམས་སྒྲིག་འབད་སྲོལ་ཡོད་པ་ཅིན་ སྒྲུབ་བྱེད་འབད་རུང་ཟེར་ཨིན་པས།
ཁྲིམས་འདུན་གྱིས་ རྩོད་བཤེར་དེ་ལུ་ དབྱེ་བཤེར་འབད་བའི་སྐབས་ སྦྱོང་བརྡར་ཚུ་འབད་བའི་སྐབས་ དེ་བཟུམ་མའི་ རྩིས་སྙོམས་སྒྲིག་འབད་ནི་དེ་ ཧེ་མ་ལས་འབད་དེ་ཡོདཔ་སྦེ་མཐོང་ནུག།
དམག་སྲིད་འོགམ་ ཀརྨ་མཐར་ཕྱིན་དང་ ཁོ་གི་ལས་རོགས་ དཔལ་དཔོན་བསོད་ནམས་དོན་གྲུབ་ཀྱིས་ བདེ་སྲུང་ཤོ་ཐེངས་༡༡ པའི་དོན་ལུ་ སྤྱི་ལོ་༢༠༡༤ པའི་ཟླ་༣ པའི་ཚེས་༡༧ ལས་ སྤྱི་ཟླ་༤ པའི་ཚེས་༡༩ ཚུན་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
བསྟན་སྲུང་དམག་སྡེའི་ཁྲིམས་འདུན་གྱིས་ ཀརྨ་མཐར་ཕྱིན་ལུ་ སྦྱོང་བརྡར་སྐབས་ བདག་སྐྱོང་འགོ་དཔོན་གྱི་ འགན་ཁུར་འབག་པའི་སྐབས་ དངུལ་ཀྲམ་ས་ཡ་༡.༣ ལོག་སྤྱོད་འབད་བའི་ ཉེས་འཛུགས་ཕོག་ཡོདཔ་ད་ ཁོ་གི་ལས་རོགསཔ་ བསོད་ནམས་དོན་གྲུབ་ལུ་ ཚོད་བསྲེ་བཙོང་མི་ཚུ་ལས་ ཏི་རུ་ལེན་པའི་ ཉེས་འཛུགས་ཕོག་ཡོདཔ་ཨིན་པས།
ཁྲིམས་འདུན་གྱིས་ དབྱེ་ཞིབ་འབད་བའི་སྐབས་ འགོ་དཔོན་གྱིས་ ངོས་ལེན་འབད་མི་ རྩིས་སྙོམས་སྒྲིག་འབད་མི་ཚུ་ལུ་ ལྟ་བའི་སྐབས་ ཚོད་བསྲེ་བཙོང་མི་ཚུ་གིས་སླབ་མི་ ཏི་རུ་དང་ཕྱདཔ་ད་ ཏི་རུ་བརྒྱ་ཕྲག་དག་པ་ཅིག་གི་ ཁྱད་པར་ཐོན་ཡི་ཟེར་བཀོད་ནུག།
སྙོམས་སྒྲིག་འབད་བའི་སྐབས་ཐོན་མི་ མ་དངུལ་དེ་ཚུ་ ཁྲིམས་དང་འཁྲིལཝ་ད་ ཉུང་སུ་ཅིག་ལས་མེདཔ་ལས་ ཁྲིམས་འདུན་གྱིས་ ཁྱད་མེད་པའི་དབང་དུ་བཞག་ཡི་ཟེར་ བཀོད་ནུག།
དཔེ་འབད་བ་ཅིན་ དམག་སྲིད་འོགམ་ཀརྨ་མཐར་ཕྱིན་གྱིས་ དངུལ་ཀྲམ་༢༨༡,༠༠༠ རྩིས་སྒྲིག་འབད་ཡོདཔ་སྦེ་ སླབ་མི་ལུ་ ཚོད་བསྲེ་བཙོང་མི་ཚུ་གིས་ རྩིས་སྒྲིག་འབད་མི་དེ་ དངུལ་ཀྲམ་༢༨༠,༦༡༧ ཨིནམ་སྦེ་ བཀོད་ཡོདཔ་ལས་ དངུལ་ཀྲམ་༣༨༣ གྱི་ཁྱད་པར་ཡོདཔ་ལས་ དེ་ལུ་ ཁྲིམས་འདུན་གྱིས་ རྩིས་དག་དེ་ཅིག་འབད་དགོཔ་སྦེ་ མ་མཐོང་ཟེར་བཀོད་ནུག།
རྩ་ཕན་གཉིས་ཆ་ར་གིས་ རྩོད་བཤེར་སྐབས་ ཚོད་བསྲེ་བཙོང་མི་ཚུ་ཡང་ ཁྲིམས་འདུན་ལུ་ འབོ་དགོ་པའི་ཞུ་བ་འབད་ཡོད་རུང་ ཧེ་མ་ལས་བྱིན་ཡོད་མི་ ངག་བརྗོད་ལུ་ གཞི་བཞག་ཡོདཔ་ཨིན་པས།
ཆེ་མཐོ་ཁྲིམས་འདུན་གྱིས་ སྤྱི་ཟླ་༨ པའི་ཚེས་༢ ལུ་ གླིང་དཔོན་ སྲིད་རྒྱལ་ཚེ་དབང་དང་ དཔལ་དཔོན་ཉི་མ་རྒྱ་མཚན་༢ ཡང་ སྤྱི་ལོ་༢༠༡༣ ལོ་ནང་ བདེ་སྲུང་སྦྱོང་བརྡར་འབད་བའི་སྐབས་ མ་དངུལ་ལོག་སྤྱོད་འབད་བའི་སྐོར་ དམག་སྡེ་ཁྲིམས་འདུན་གྱིས་ ཉེས་ཁྲིམས་བཀོད་མི་དེ་ཡང་ བསྒྱུར་བཅོས་འབད་ཡོདཔ་ཨིན་པས།
ཁྲིམས་འདུན་གྱིས་ གནད་དོན་ཁག་༨ ལུ་ ཞིབ་དཔྱད་འབད་བའི་སྐབས་ ལིང་དཔོན་གྱིས་ ཉིན་དེབ་བཞག་ཡོད་མི་དེ་ ངོས་ལེན་འབད་ནི་ཨིན་མེན་ལུ་ དབྱེ་དཔྱད་འབད་ཡོདཔ་ཨིན་པས།
དེ་མ་ཚད་ ཁྲིམས་འདུན་གྱིས་ ཉེས་འཛུགས་ཅན་ཚུ་གིས་ མ་དངུལ་ཚུ་ ལོག་སྤྱོད་འབད་མ་འབད་དང་འཁྲིལ་ བཏབ་ཡོད་མི་ཚུ་ལུ་ དབྱེ་ཞིབ་འབད་ཡོདཔ་ཨིན་པས།
ལིང་དཔོན་གྱིས་ ཁྲིམས་འདུན་ལུ་ ཤུལ་ལས་གསལ་སྟོན་འབད་མི་ ཉིན་དེབ་ནང་ ཞུ་བ་འབད་མི་ཚུ་ག་ར་ འགོ་རིམ་སྦེ་ བཀོད་དེ་ཡོདཔ་སྦེ་ མཐོང་ནུག།
དེ་ཡང་ སྤྱི་ལོ་༢༠༠༥ ལོའི་ སྒྲུབ་བྱེད་བཅའ་ཁྲིམས་དང་འཁྲིལཝ་ད་ ཉིན་དེབ་དེ་ བཅོ་ཁ་རྐྱབ་སྟེ་བཟོ་ནིའི་ འོས་འབབ་མེདཔ་ལས་ སྒྲུབ་བྱེད་སྦེ་ ངོས་ལེན་འབད་ཡོད་ཟེར་བཀོད་ནུག།
ལིང་དཔོན་སྲིད་རྒྱལ་ཚེ་དབང་ལུ་ དངུལ་ཀྲམ་༩༤༩,༦༧༠ ལོག་སྤྱོད་འབད་བའི་ ཉེས་ཁྲིམས་བཀལ་དེ་ ཁོ་ལུ་ བཙོན་ཁྲིམས་ལོ་༤ བཀལ་ཏེ་ གཡོག་ནང་ལས་ དགོངས་ཞུའི་ཐོབ་ལམ་ཚུ་ ག་ནི་ཡང་མེདཔ་སྦེ་ བཏང་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *