བསྟན་སྲུང་དམག་མི་ཅིག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ སྨན་བཅོས་འབད་དོ་ཡོདཔ།

༉ སྤྱི་ཟླ་༧ པའི་ཚེས་༧ ལུ་ པདྨ་དགའ་ཚལ་ངང་ལམ་ལུ་ འབྲུག་གི་བསྟན་སྲུང་དམག་སྡེའི་ དམག་མི་ཅིག་གིས་ ཁོ་རའི་མཉམ་རོགས་དམག་མིའི་ བརླད་དོ་དང་ ཕོ་ཅུང་གུ་ ཀྲོབ་མདའ་རྐྱབ་ཡོདཔ་ད་ ཀྲོབ་མདའ་རྐྱབ་མི་ དོགས་པ་ཅན་དེ་ ཆང་ཟེ་གུ་རུ་ཅིག་ཨིན་པས།
དོགས་པ་ཅན་གྱིས་ ཆང་འཐུང་ནི་ བཤོལ་བཞག་སྟེ་ ཉིནམ་༢ སོང་ཡོདཔ་བཞིན་དུ་ བྱུང་རྐྱེན་གྱི་སྐབས་ ཁོ་ལུ་ ཆང་བཞག་པའི་ནད་གཞི་ཐོབ་སྟེ་ཡོདཔ་ཨིན་པས།
འབྲུག་གི་བསྟན་སྲུང་དམག་སྡེ་ལས་གོ་མི་ ལོ་རྒྱུས་དང་འཁྲིལཝ་ད་ དོགས་པ་ཅན་དེ་ སྤྱི་ཟླ་༦ པའི་ཚེས་༡༥ ལུ་ བསྟན་སྲུང་དམག་མིའི་ སྨན་བཅོས་འགོ་དཔོན་ཚུ་གིས་ སྨན་བཅོས་དབྱེ་ཁག་ ཨེསི་༣ འབད་མིའི་འོག་ལུ་ བཞག་སྟེ་ཡོདཔ་ད་ སེམས་ཁམས་དང་འབྲེལ་བའི་ ནད་ཐོབ་མི་/སེམས་གནས་པ་མི་མེད་མི་ཚུ་ སྨན་བཅོས་དབྱེ་ཁག་ ཨེསི་ཟེར་མིའི་ནང་ བཞག་དོ་ཡོདཔ་ཨིན་པས།
དེ་ལས་ སྨན་བཅོས་དབྱེ་ཁག་ ཨེསི་༣ འབད་མིའི་འོག་ལུ་བཞག་མི་ དམག་མི་དེ་ གོ་མཚོན་ག་ནི་ཡང་མེད་པར་ ལྟ་རྟོག་ཐོག་ལུ་ ས་གོ་ཅིག་གི་ སྒྲིག་གཡོག་ནང་རྐྱངམ་གཅིག་ བཞག་ནི་གི་ འོས་འབབ་ཡོདཔ་ད་ དེ་འབདཝ་ལས་ དོགས་པ་ཅན་དེ་ ནུབ་མོའི་སྐོར་སྲུང་དང་ གོ་མཚོན་འབག་སྟེ་ སྒྲིག་གཡོག་རྒྱུག་ནི་ལ་སོགས་པ་ ཁོ་རའི་རང་དབང་གི་ འགན་ཁུར་འབག་སྟེ་ སྒྲིག་གཡོག་རྒྱུག་ནི་གི་ འོས་འབབ་མེདཔ་ཨིན་པས།
རྐྱེན་ངན་བྱུང་པའི་ཉིན་མར་ ཉམས་རྒུདཔ་གིས་ ཁོ་རའི་གོ་མཚོན་དེ་ སྒྲིག་གཡོག་གམ་ ཉེན་སྲུང་ཁང་མིག་ནང་ བཞག་ཡོདཔ་མ་ཚད་ ཁོ་ར་ མཐའ་སྐོར་གྱི་ ས་ཁོངས་ཚུ་ ཕྱགས་བདར་རྐྱབ་སྡོད་པའི་སྐབས་ དོགས་པ་ཅན་གྱིས་ ཀྲོབ་མདའ་འཐུ་ནིའི་ གོ་སྐབས་ཐོབ་སྟེ་ ཉམས་རྒུདཔ་ལུ་ ཀྲོབ་མདའ་རྐྱབ་བྱིན་ཡོདཔ་ཨིན་པས།
ཉམས་རྒུདཔ་དེ་ དེ་འཕྲོ་ལས་ གནམ་གྲུའི་ནང་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ བསྐྱལ་ཡོདཔ་བཞིན་དུ་ ཌོག་ཊར་ཚུ་གིས་ གཤག་བཅོས་འབད་ཡོདཔ་ལས་ ད་རེས་ ཁོ་ར་ གནས་སྟངས་ལེགས་ལྡན་ཐོག་ལུ་ ཡོདཔ་ཨིན་པས།
བསྟན་སྲུང་དམག་སྡེ་གཙོ་ཁང་གིས་ ཞིབ་དཔྱད་སྡེ་ཚན་ཅིག་ ངང་ལམ་ལུ་ བཏང་ཡོད་པའི་གནས་ཚུལ།

རྩོམ་བྲིས་ལས་བྱེདཔ།

 

About admin

Check Also

སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོདཔ།

༉ སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོད་མི་དེ་ལུ་ ཐིམ་ཕུག་ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་ཤུལ་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ སྙན་ཞུ་འབད་མི་དེ་ ད་རེས་ནངས་པར་ ཁྲིམས་འདུན་ལུ་ རྩོད་བཤེར་འབད་བའི་བསྒང་ཨིན་པས། དེ་ཡང་ བུམོ་ཅིག་གིས་ སྤྱི་ལོ་༢༠༢༢ …

Leave a Reply

Your email address will not be published. Required fields are marked *