བསྒྱུར་བ་གི་དོན་ལུ་ མདུན་བསྐྱོད་འབད་དགོཔ།

  སྤྱི་ཟླ་༡༠ པའི་ཚེས་༡༨ ལུ་ འགོ་འདྲེན་འཐབ་མི་ རྒྱལ་ཡོངས་ཚོགས་འདུའི་ སྤྱིར་བཏང་བཙག་འཐུ་མཇུག་བསྡུ་སྟེ་ བདུན་ཕྲག་༡ ལང་ཡོདཔ་བཞིན་དུ་ བཙག་འཐུའི་གྲུབ་འབྲས་དང་ བཙག་འཐུ་དང་འབྲེལ་བའི་གནད་དོན་ཚུ་གི་ཐོག་ལུ་ བསམ་པ་མ་རྫོགས་པ་ཅིན་ ཞུ་ཡིག་བཙུགས་ནིའི་ དུས་ཚོད་མཇུག་དེ་ སྤྱི་ཟླ་༡༡ པའི་ཚེས་༦ ཚུན་ཨིན་རུང་ ད་ལྟོ་ཚུན་ བསྒྱུར་བཅོས་དང་ ཉོགས་བཤད་ཚུ་ ག་ནི་ཡང་མ་ཐོན།

དུས་ཅི་ སྤྱི་ཚོགས་༣ པའི་བཙག་འཐུ་ཚུ་ནང་ གཞུང་གསརཔ་སོར་བསྒྱུར་འབད་ནི་དེ་ ཧེ་མ་བཟུམ་སྦེ་ ཕྱིར་འཐོན་བརྡབ་གསིག་རྐྱབ་མི་ འདེམས་ངོ་ཚུ་མེདཔ་མ་ཚད་ ཆེ་མཐོའི་དབང་འཛིན་ཚུ་ལུ་ ཞུ་གཏུགས་འབད་མི་ མ་འཐོན་མི་དེ་ཡང་ ག་འཆརཔ་ཟེར་བ་ཅིན་ ང་བཅས་ར་ དམངས་གཙོའི་རིང་ལུགས་ནང་ ལོ་ངོ་བཅུ་ཕྲག་༡ གི་ ཉམས་མྱོང་ཡོད་ནི་དེ་གིས་ ཆ་མཉམ་ར་ ལེགས་ཤོམ་སོང་ཡི།

བཙག་འཐུ་མཇུག་བསྡུ་མི་དང་བསྟུན་ འབྲུག་མཉམ་རུབ་ཚོགས་པ་གིས་ གཞུང་སྐྱོང་འགན་ཁུར་ལེན་ནིའི་ གཞི་རྟེན་ལཱ་ཚུ་དང་ ལྷན་རྒྱས་གཞུང་ཚོགས་ཀྱི་བློན་པོ་ཚུ་ གཏན་འཁེལ་བཟོ་ནིའི་དོན་ལུ་ ད་རེས་ འུར་བྱེལ་འཐབ་སྟེ་འདུག།

བཙག་འཐུའི་སྐབས་ལུ་ མི་སྡེ་བརྡ་བརྒྱུད་ནང་ གཅིག་གིས་གཅིག་ལུ་ དམའ་ཕབ་དང་ ཁ་ཉེས་བཀལ་བའི་ བྲེལ་ཟིང་ལང་མི་དེ་ཡང་ མཇུག་བསྡུ་ཡོདཔ་བཞིན་དུ་ ད་རེས་ གནས་སྟངས་སྐྱིད་ཏོང་ཏོ་ཡོད་མི་དང་བསྟུན་ ཆ་མཉམ་ར་ རང་སོའི་ ལཱ་ཁག་ཆེ་ཏོག་ཏོ་ཚུ་ འབད་དོ་ཡོད་པའི་ མངོན་གསལ་བྱུངམ་ཨིན་མས།

རྒྱལ་ཁབ་མཐའ་དབུས་མེད་པའི་ གཡུས་ཚན་ཚུ་ནང་ ལྟ་སྐོར་ཐོག་ལས་ ཁས་བླངས་གསལ་བསྒྲགས་ཚུ་འབད་བའི་ཁར་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་ཚུ་ལས་ རྒྱབ་སྐྱོར་འཚོལ་བའི་མཐའ་མར་ གཞུང་གསརཔ་གིས་ འགན་འཁྲི་དང་གཅིག་ཁར་ ལེགས་བསྒྱུར་འབག་འོང་ཚུགས་པའི་ རེ་བ་བསྐྱེདཔ་ཨིན་པས།

ད་ལྟོ་ འཆར་གཞི་༡༢ པའི་ཁ་གསལ་ཚུ་ མི་མང་ལུ་ གསལ་སྟོན་མ་འབད་རུང་ སྲིད་དོན་ཚོགས་པ་ཚུ་གིས་ བཙག་འཐུའི་ཧེ་མ་ལས་ བལྟ་ནིའི་གོ་སྐབས་ཐོབ་མི་དེ་ ལེགས་ཤོམ་ཨིན་མི་དེ་ཡང་ གཞུང་གསརཔ་གི་གནས་ཡུན་དེ་ འཆར་གཞི་༡༢ པ་དང་ དུས་མཉམ་ཕོག་ནི་དེ་གིས་ཨིན་མས།

འབྲུག་མཉམ་རུབ་ཚོགས་པ་གིས་ སྤྱི་ལོ་༢༠༡༣ གྱི་བཙག་འཐུ་ནང་ གྲལ་གཏོགས་འབད་མི་ལུ་བརྟེན་ གཞུང་སྐྱོང་གི་ ཉམས་མྱོང་མེད་རུང་ སྲིད་དོན་གྱི་ ཉམས་མྱོང་ཐོབ་སྟེ་ཡོདཔ་ལས་ གཞུང་གསརཔ་ལུ་ འབྱོན་ལེགས་ཞུ་ནི་དང་འབྲེལ་ གནས་སྐབས་དང་ འཆར་སྣང་གསརཔ་ཚུ་ཡང་ མཐོང་ཚུགས་པའི་རེ་བ་ཡོད།

རྩ་ཁྲིམས་ཅན་གྱི་དམངས་གཙོའི་གཞུང་ དབུ་བརྙེས་པའི་ཤུལ་ལུ་ བཙག་འཐུ་ལས་གྲུབ་པའི་ གཞུང་༢ ཀྱི་གནས་ཡུན་ མཇུག་བསྡུ་ཚར་རུང་ ད་རེས་ རྒྱལ་ཁབ་ནང་ ན་གཞོན་ལཱ་གཡོག་མེད་མི་དང་ གྲོང་གསེབ་ལས་ ཁྲོམ་ཁར་གནས་སྤོ་འོང་མི་ གནམ་གཤིས་འགྱུར་བགྲོད་ བཟའ་འཐུང་མ་ལང་མི་ དེ་ལས་ བུ་ལོན་ཡར་འཕར་འགྱོ་བའི་ གདོང་ལེན་ཚུ་ བྱུང་བཞིན་དུ་ཡོདཔ་ལས་ ངེས་པར་དུ་ སེལ་ཐབས་འབད་དགོཔ་ཨིན།

ང་བཅས་རའི་ ཁྲིམས་རྩོམ་ཚུ་ནང་ འཕོ་འགྱུར་དང་བསྟུན་པའི་ དུས་མཐུན་ལེ་ཤ་བཟོ་དགོཔ་ཡོད་པའི་ ཤེས་རྟོགས་བྱུང་ཡོད་མི་དང་བསྟུན་ ལྷན་ཁག་དང་ ལས་ཁུངས་ དེ་ལས་ ལས་ཚོགས་གཞན་ཚུ་ནང་ དཀའ་ངལ་ཚུ་ སེལ་ཐབས་འབད་མ་ཚུགས་པར་ཡོད།

དེ་འབདཝ་ལས་ བསྒྱུར་བ་གི་དོན་ལུ་ ཕན་གནད་ཆེ་བའི་ མངོན་གསལ་ཅན་གྱི་གྲོས་ཆོད་ཚུ་ ངེས་བརྟན་བཏོན་དགོཔ་བཞིན་དུ་ གྲོས་ཆོད་ཚུ་གིས་ གཞུང་གསརཔ་དང་ ལམ་ལུགས་ཚུ་ བློ་གཏད་ཡིད་ཆེས་ཡོདཔ་བཟོ་ཚུགས།

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *