བསྒུལ་ཅན་གྱི་ རྒྱུ་དངོས་བཙན་ལེན་འབད་མི་ཚུ་ བདག་གཉེར་འབད་ནི་ལུ་གདོང་ལེན།

༉ ངན་ལྷད་བཀག་སྡོམ་ལྷད་ཚོགས་ཀྱི་ ཞིབ་བཤེར་ལུ་ གཞི་བཞག་སྟེ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ངོ་རྐྱང་ ཡང་ཅིན་ རྩ་ཕན་ ལས་ཚོགས་ཀྱི་ ཉེས་བཤེར་འབད་ནི་དང་ ཁྲིམས་ཀྱི་འདུན་སར་ རྩོད་བཤེར་འབད་བའི་སྐབས་ དེ་ལས་ འཁྲུན་ཆོད་བསྟར་སྤྱོད་འབད་ནི་ཚུ་ནང་ ཡུན་འགྱངས་ལུས་མི་ལུ་བརྟེན་ བསྒུལ་ཅན་གྱི་ རྒྱུ་དངོས་བཙན་ལེན་འབད་མི་ཚུ་ བདག་འཛིན་འཐབ་ནི་ལུ་ གདོང་ལེན་བྱུང་སྟེ་ཡོདཔ་ཨིན་པས།
དེ་མ་ཚད་ དེ་བཟུམ་མའི་ རྒྱུ་དངོས་ཚུ་ འཕྱོག་བཟུང་འབད་དེ་ བཞག་མི་ཚུ་ལུ་བརྟེན་ ས་གོའི་དཀའ་ངལ་ཡང་ བྱུང་སྟེ་ཡོད་ཟེར་ ལྷན་ཚོགས་ཀྱི་ ལྷན་འཛིན་རྒྱ་མཚོ་གིས་ བཤདཔ་ཨིན་པས།
ལྷན་འཛིན་གྱིས་འབད་བ་ཅིན་ བཙན་ལེན་འབད་མི་རྒྱུ་དངོས་ དཔེར་ན་ སྣུམ་འཁོར་དང་ རྒྱུ་དངོས་ག་ཅི་ར་ཨིན་རུང་ ཁྲིམས་འདུན་ལས་ འཁྲུན་ཆོད་གནང་ཚར་བའི་ཤུལ་ལས་ འབྲེལ་ཡོད་ཇོ་བདག་ལུ་ ལོག་རྩིས་སྤྲོད་འབད་དགོ་རུང་ གཡོ་སྒྱུ་དང་ ངན་ལྷད་ལུ་བརྟེན་ཐོབ་པའི་ རྒྱུ་དངོས་ཨིན་པ་ཅིན་ མི་མང་ཚོང་སྒྱུར་ཐོག་ བཙོང་ཞིནམ་ལས་ རྒྱལ་ཁམས་དང་ ཡང་ཅིན་ འབྲེལ་ཡོད་ལས་སྡེ་ལུ་ སོར་ཆུད་འབད་དགོཔ་ཨིན་རུང་ ད་ཚུན་གྱི་བར་ན་ འཁྲུན་ཆོད་བསྟར་སྤྱོད་འབད་མ་ཚུགས་པར་ ལུས་ཡོད་ཟེར་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཉེས་ཅན་༡ ལས་ སྣུམ་འཁོར་ཊོ་ཡ་ཊ་པ་ར་ཌོ་༡ སྤྱི་ལོ་༢༠༡༠ ལུ་ བསམ་རྩེ་ས་གཏེར་ཕྱིར་བཏོན་གྱི་ རྩོད་དོནལུ་བརྟེན་ བཙན་ལེན་འབད་མི་དེ་ ད་ལྟོའི་བར་ན་ཡང་ ལྷན་ཚོགས་ཀྱི་ བདག་གཉེར་ཐོག་ལུ་ཡོད་ཟེར་ཨིན་པས།
མ་གཞི་ རྩོད་གཞི་དེ་གི་ འཁྲུན་ཆོད་དེ་ མངོན་མཐོ་ཁྲིམས་འདུན་གྱིས་ སྤྱི་ལོ་༢༠༡༡ ཟླ་༡༢ པའི་ཚེས་༣༠ ལུ་གནང་སྟེ་ ཉེས་འཛུགས་ཅན་ ནག་རྒྱས་ལུ་ བཙོན་ཁྲིམས་བཀལ་ཡོདཔ་མ་ཚད་ དངུལ་ཀྲམ་ས་ཡ་༤༧.༨༥༥ གཞུང་ལུ་ སོར་ཆུད་འབད་དགོ་པའི་ བཀའ་རྒྱ་གནང་ཡོད་རུང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ད་ལྟོའི་བར་ན་ཡང་ འཁྲུན་ཆོད་བསྟར་སྤྱོད་འབད་མ་ཚུགས་པར་ཡོདཔ་ལས་ ནག་རྒྱས་ཀྱི་ སྣུམ་འཁོར་དེ་ཡང་ ཚོང་སྒྱུར་མ་འཐབ་པར་ཡོད་ཟེར་ ལྷན་ཚོགས་ཀྱི་ འགོ་དཔོན་ཅིག་གིས་ བཤདཔ་ཨིན་པས།
ཁྲིམས་ཡིག་དང་འཁྲིལ་བ་ཅིན་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ འགན་ཁུར་དེ་ ངན་ལྷད་དང་འབྲེལ་བའི་ རྩོད་དོན་ཚུ་ལུ་ ཞིབ་དཔྱད་རྐྱབ་སྟེ་ ཉེས་བཤེར་གྱི་དོན་ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ གཏང་དགོཔ་བཞིན་དུ་ ཡིག་ཚང་དེ་གིས་ ཉེས་བཤེར་ཚུ་ ཁྲིམས་ཀྱི་འདུན་སར་ གང་མགྱོགས་འགན་ལེན་འབད་དགོ་པའི་ཁར་ འཁྲུན་ཆོད་ཚུ་ བསྟར་སྤྱོད་འབད་དགོཔ་ཨིན་པས།
ད་རེས་ནངས་པར་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ བདག་གཉེར་ཐོག་ལུ་ སྣུམ་འཁོར་ཆེ་བ་དང་ བར་མ་ ཆུང་བ་བརྩིས་ཏེ་ སྣུམ་འཁོར་༢༣ ཡོད་མིའི་ནང་ ས་བརྐོ་འཕྲུལ་ཆས་༡ དང་ ཊོ་ཡོ་ཊ་པ་ར་ཌོ་༢ སྣུམ་འཁོར་ཊཱག་༤ ཡོདཔ་ཨིན་པས།
པ་ར་ཌོ་གཞན་དེ་ འབྲུག་བརྒྱུད་འཕྲིན་ལས་འཛིན་གྱི་ འཛིན་སྐྱོང་བཀོད་ཁྱབ་འཛིན་ ཚེ་དབང་རྒྱལ་མཚན་གྱི་ གནས་ཚང་གི་ མི་ཐོ་ཁར་ཨིནམ་ད་ སྣུམ་འཁོར་དེ་ སྤྱི་ལོ་༢༠༡༤ ལུ་ ལྷན་ཚོགས་ཀྱིས་ བཙན་ལེན་འབད་མི་དེ་ཡང་ ཉེས་འཛུགས་ཅན་ ཚེ་དབང་རྒྱལ་མཚན་དེ་ ཐིམ་ཕུག་ཚལ་ལུ་མ་འཕེལ་ལུ་ གཞུང་ས་ཨེ་ཀར་༡.༣༧ འབད་མི་དེ་ ཁྲིམས་འགལ་ཐོག་ ཁྲམ་ནང་བཀོད་པའི་ཤུལ་ལུ་ ཉོ་བཙོང་འཐབ་མིའི་ནང་ འབྲེལ་གནད་ཡོད་མི་ལུ་བརྟེན་ཨིནམ་བཞིན་དུ་ ད་ལྟོ་ རྩོད་དོན་དེ་ ཁྲིམས་ཀྱི་འདུན་སར་ ཐོ་བཀོད་འབད་དེ་ཡོདཔ་ཨིན་པས།
དེ་ལས་ དགེ་ལེགས་ཕུག་དྲུང་པ་བགྲེསཔ་ པདྨ་དབང་འདུས་ཀྱི་ རྩོད་གཞི་དེ་ དྲུང་ཁག་ཁྲིམས་འདུན་ལས་ བཙོན་ཁྲིམས་ལོ་ངོ་༡༥ འཁྲུན་ཆོད་གནང་ཡོད་རུང་ ཁེ་རྒུད་མ་བཏུབ་པར་ གསར་སྤང་རྫོང་ཁག་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་དེ་ཡོདཔ་ད་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ པདྨ་དབང་འདུས་ཀྱི་ སྣུམ་འཁོར་ཊ་ཊ་ཊི་པར་༢ དང་ ཧུན་ཌའི་ཨའི་༢༠ འབད་མི་༡ བཙན་ལེན་འབད་དེ་ཡོདཔ་ཨིན་པས།
པདྨ་དབང་འདུས་ཀྱི་ སྣུམ་འཁོར་ཊ་ཊ་ཊི་པར་༢ དེ་ བསམ་གྲུབ་ལྗོངས་མཁར་ལུ་དང་ ཨའི་༢༠ དེ་ ལྷན་ཚོགས་ཀྱི་ ས་ཁོངས་ནང་ འཕྱོག་བཟུང་འབད་དེ་ བཞག་ཡོདཔ་ཨིན་པས།
དེ་འབདཝ་ད་ འཕྱོག་བཟུང་འབད་དེ་བཞག་མི་ སྣུམ་འཁོར་གྱི་ གྱངས་ཁ་མཐོ་ཤོས་ར་ འབྲུག་གོང་འཕེལ་དངུལ་ཁང་ལས་འཛིན་གྱི་ ལས་འགུལ་འགོ་དཔོན་ པདྨ་དངོས་གྲུབ་ལས་ འཕྱོག་བཟུང་འབད་མི་ཚུ་ཨིནམ་ད་ དེ་ཡང་ ཁོ་གིས་ དངུལ་ཁང་གི་ ལས་མགྲོན་པ་༥༥ ལུ་ དབང་འཛིན་ལས་ གནང་མེད་པར་ དངུལ་ཀྲམ་ས་ཡ་༥༧༦ ལྷགཔ་ཅིག་ བསྐྱིན་འགྲུལ་ཡར་སེང་འབད་དེ་བྱིན་པའི་ ཁེ་ཕན་ཐོབ་ཡོད་པའི་ དོགས་པ་ལུ་བརྟེན་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ པདྨ་དངོས་གྲུབ་ལས་ ས་བརྐོ་འཕྲུལ་ཆས་མ་ཧིན་ད་ར་༡ དང་ ཊོ་ཡོ་ཊ་ཧའི་ལགསི་༡ བེ་ལོསི་ཊར་ཀཱར་༢ རོ་ཡེལ་ཕིལཌ་བ་ཡེག་༣ འབདཝ་ད་ སྣུམ་འཁོར་མ་འདྲཝ་༨ འཕྱོག་བཟུང་འབད་མི་ཚུ་ག་ར་ འབྲུག་གོང་འཕེལ་དངུལ་ཁང་གི་ ས་ཁོངས་ནང་ཡོདཔ་ཨིན་པས།
དེ་གི་ཤུལ་ལས་ར་ སྤ་རོ་ལུ་ འབྲུག་ཉེན་བཅོལ་ལས་འཛིན་གྱི་ ཡན་ལག་ཡིག་ཚང་གི་ལྟ་བཀོདཔ་ རིན་ཆེན་དབང་འདུས་ཀྱིས་ དངུལ་ཀྲམ་ས་ཡ་༡༠༠ ལྷགཔ་ཅིག་ ལྐོག་ཟ་འབད་བའི་ འབྲེལ་གནད་ལུ་བརྟེན་ སྣུམ་འཁོར་ཧུན་ཌའི་ཊུག་སཱན་༡ དང་ སཱན་ཊ་ཕི་༢ ཨཱལ་ཊོ་ཀཱར་༡ བཙན་ལེན་འབད་ཡོདཔ་ཨིན་པས།
རྩོད་དོན་གཉིས་ཆ་ར་ ད་ལྟོ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ བསྐྱར་ཞིབ་འབད་བའི་བསྒང་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༤ ལུ་ ཕུན་ཚོགས་གླིང་ལུ་ ཌི་སི་ཨེམ་ཨི་ཅར་༢ འཕྱོག་བཟུང་འབད་དེ་ བཞག་མི་དེ་ཡང་ དེད་གཡོགཔ་༢ ཀྱིས་ ནང་འདྲེན་ཅ་ཆས་ཚུ་ སྐྱེལ་འདྲེན་འབད་བའི་སྐབས་ ཁྲལ་ལས་ཟུར་ཐབས་འབད་མི་ལུ་བརྟེན་ཨིནམ་ད་ གནད་དོན་དེ་གི་སྐོར་ལས་ དྲུང་ཁག་ཁྲིམས་ཀྱི་འདུན་སར་ རྩོད་བཤེར་འབད་བའི་བསྒང་ཡོདཔ་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ རྒྱུ་དངོས་བཙན་ལེན་འབད་མི་ཚུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ རྩིས་སྤྲོད་འབད་ནིའི་དོན་ལུ་ བསྐྱར་ཞིབ་འབད་བའི་བསྒང་ཡོདཔ་ཨིན་རུང་ ངན་ལྷད་བཀག་སྡོམ་བཅའ་ཁྲིམས་ནང་ ལྷན་ཚོགས་ཀྱིས་ ཐོབ་ཡོད་པའི་ ཅ་ལ་ག་ཅི་ཨིན་རུང་ ཡང་ཅིན་ སྤྱོད་བཀག་བཙན་ལེན་ གཞུང་བཞེས་འབད་ཡོད་པའི་ ཅ་ལ་གང་རུང་ ལྷན་ཚོགས་ཀྱི་ བདག་གཉེར་ལུ་ཡོད་པའི་སྐབས་ ཅ་ལ་དེ་ཚུ་ འཐུས་ཤོར་མེད་པར་ ཉེན་སྐྱོབ་མ་འབད་བ་ཅིན་ ལྷན་ཚོགས་ལུ་ འཁྲི་བ་ཕོག་ཟེར་ བཀོད་ཡོདཔ་ལས་ རྩིས་སྤྲོད་འབད་ནི་ལུ་ཡང་ སྟབས་མ་བདེཝ་འདུག་ཟེར་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ ཤེས་ར་ལྷུན་གྲུབ་ཀྱིས་ ལས་སྡེ་༢ ཀྱི་བར་ན་ རྒྱུ་དངོས་བཙན་ལེན་འབད་མི་ཚུ་གི་ཐད་ལུ་ གདོང་ལེན་བྱུང་སྟེ་ཡོདཔ་བདེན་ཟེར་ བཤདཔ་མ་ཚད་ ཅ་ཆས་ཚུ་ཡང་ འབྲེལ་ཡོད་ཇོ་བདག་དང་ ལས་སྡེ་ཚུ་ལུ་ རྩིས་སྤྲོད་མ་ཚུགས་པར་ཡོད་མི་དེ་ཡང་ ལས་སྡེ་༢ ཆ་ར་ལུ་ འཁྲི་བ་ཕོག་ཟེར་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཀྱིས་འབད་བ་ཅིན་ ལྷན་ཚོགས་ཀྱི་ ཞིབ་བཤེར་ཚུ་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ཁྲིམས་འདུན་སར་ གང་མགྱོགས་བསྐྱལ་མ་ཚུགས་མིའི་ རྒྱུ་རྐྱེན་༡ ད་རེས་ནངས་པར་ ཁྲིམས་སྲུང་འགག་པ་བརྒྱུད་དེ་འོང་མི་ སྨྱོ་རྫས་ནག་ཚོང་དང་ འཆང་སྤྱོད་འབད་བའི་ ཉེས་འཛུགས་ཅན་མངམ་ ཐོན་ནི་དེ་གིས་ཨིནམ་ད་ མ་གཞི་ ངན་ལྷད་ཀྱི་ ཉེས་བཤེར་ཚུ་ལུ་ གཙོ་རིམ་བྱིནམ་ཨིན་རུང་ སྨྱོ་རྫས་འཆང་སྤྱོད་འབད་མི་ཚུ་ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ ཡོད་ནི་དེ་གིས་ དེ་ཚུ་ལུ་ གཙོ་རིམ་དང་པ་བྱིནམ་ད་ ལྷན་ཚོགས་ཀྱི་ རྩོད་གཞི་ཚུ་ ཡུན་འགྱངས་ལུསཔ་མས་ཟེར་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

About admin

Check Also

འབྲུག་པའི་ ཨམ་སྲུའི་ཕུཊ་བཱོལ་སྡེ་ཚན་ཚུ་གིས་ རྒྱལ་ཁ་ཐོབ་མ་ཚུགས་པར་ཡོདཔ།

༉ འདས་པའི་བདུན་ཕྲག་ལས་འགོ་བཙུགས་ སྤྱི་ཟླ་༣ པའི་ཚེས་༢༨ ཚུན་ བང་ལ་དེཤ་གི་རྒྱལ་ས་ ཌ་ཀ་ལུ་ རྒྱལ་སྤྱི་ཕུཊ༌བཱོལ་རྩེད་ཐང་ནང་སྦེ་ ལྷོ་ཨེ་ཤི་ཡཱན་ ཨམ་སྲུའི་ཕུཊ་བཱོལ་དོ་འགྲན་འབད་མིའི་ནང་ འབྲུག་ལས་ སྐྱེས་ལོ་༡༧ མན་ཆད་འབད་མི་ རྒྱལ་ཡོངས་ཨམ་སྲུའི་ཕུཊ༌བཱོལ་སྡེ་ཚན་གྱིས་ བཅའ་མར་གཏོགས་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *