བསྐྱར་ཞིབ་ཚོགས་ཁང་གིས་ འབྲུག་གི་ཞི་བའི་ཉེས་འཁྲི་དཔྱད་ཡིག་༢༠༢༢ ཅན་མ་ཆ་འཇོག།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་སྡེ་གིས་ འབྲུག་གི་ཞི་བའི་ཉེས་འཁྲི་དཔྱད་ཡིག་༢༠༢༢ ཅན་མའི་གུ་ གསུང་གྲོས་གནངམ་ད་ འདས་པའི་ཚོགས་རིམ་ཚུ་ནང་ ཁན་འཆམ་བྱུང་མ་ཚུགས་པའི་ དོན་ཚན་དག་པ་ཅིག་ ངོས་འཛིན་འབད་དེ་ ནང་འཁོད་ཞལ་འཛོམས་ནང་ མོས་མཐུན་འབྱུང་དགོཔ་སྦེ་ བཀའ་གནང་པའི་ཤུལ་ལུ་ དཔྱད་ཡིག་དེ་ ཆ་འཇོག་གྲུབ་ཅི།

ཁྲིམས་བཟོ་ཚོགས་ཆུང་གི་ ཁྲི་འཛིན་གྱིས་ ཐག་བཅད་གསུང་གྲོས་ཀྱི་དོན་ལུ་ དོན་ཚན་༢༦ ཕུལ་མི་དེ་ ཚོགས་ཆུང་ནང་འཁོད་གསུང་གྲོས་གནང་ཞིནམ་ལས་ དོན་ཚན་༢༤ ཆ་འཇོག་དང་ དོན་ཚན་༢ ངེས་ཚིག་ཐེབས་གསལ་བཀོད་འབད་ཡོདཔ་སྦེ་ཞུ་ཡི། 

ཚོགས་ཆུང་གི་ ཁྲི་འཛིན་གྱིས་ ཞུ་མིའི་ནང་ དོན་ཚན་༢༦ པ་ གསོ་བ་ཁྱད་རིག་པ་ཟེར་ འཁོད་ཡོད་མི་ལུ་ གྲོས་ཐག་བཅད་མ་ཚུགས་མི་དེ་ ནང་འཁོད་ནང་ གསུང་གྲོས་གནང་སྟེ་ གསོ་བ་ཁྱད་རིག་པའི་ དོན་ཚན་འོག་ལུ་ ཁྲིམས་དོན་ཁྱད་རིག་པ་ཡང་ བཙུགས་ཡོདཔ་ལས་ ངེས་ཚིག་ཡང་ གསརཔ་བཟོ་ཡི་ཟེར་ཨིན་པས།

ཁྲི་འཛིན་གྱིས་འབད་བ་ཅིན་ དོན་ཚན་༨༡ པའི་ནང་ སྒོ་ནོར་སེམས་ཅན་གྱིས་ ཧམ་འཛུལ་ལུ་བརྟེན་པའི་ ཉེས་འཁྲི་དེ་ ཚོགས་ཁང་ནང་ གསུང་གྲོས་གནང་ཞིནམ་ལས་ ཕྱིར་བཏོན་འབད་དགོ་མི་དང་འཁྲིལ་ ནང་འཁོད་གསུང་གྲོས་གནང་ཞིནམ་ལས་ ཕྱིར་བཏོན་འབད་ཡི་ཟེར་ཨིན་པས།

དེ་བཟུམ་སྦེ་ དོན་ཚན་༡༧༡ པ་དང་པ་༡༧༣ པ་ དེ་ལས་ དོན་ཚན་༡༧༤ པ་ཚུ་དང་ འགལ་བ་ཅིན་ དབྱེ་རིམ་༤ པའི་ཉེས་ཁྲིམས་སྨིན་དགོཔ་སྦེ་ ཡོད་མི་དེ་ ཉེས་འཁྲི་དང་ ཉེས་བྱ་ཚུ་ཡང་ བསྒྱུར་བཅོས་འབད་ཡོདཔ་སྦེ་ ཁྲིམས་བཟོ་ཚོགས་ཆུང་གི་ ཁྲི་འཛིན་གྱིས་ ཞུ་ཡི།

རྒྱལ་ཡོངས་ཚོགས་སྡེ་གིས་ ཞི་བའི་ཉེས་འཁྲི་དཔྱད་ཡིག་༢༠༢༢ ཅན་མ་ཆ་འཇོག་འགྲུབ་ནིའི་དོན་ལུ་ ཚོགས་ཆུང་གི་ཁྲི་འཛིན་འོགམ་ ཁྱད་ལྡན་གྱི་འཐུས་མི་ ཨྱོན་ཚེ་རིང་གིས་ ཞུ་མིའི་ནང་ རྒྱལ་རབས་ཅན་གྱི་དཔྱད་ཡིག་དེ་ དམིགས་གཏད་བསྐྱེད་དོ་བཟུམ་སྦེ་ ཞི་བའི་འཛོལ་བ་ཚུ་ལས་བརྟེན་པའི་ ཉམས་རྒུདཔ་མི་སེར་ཚུ་ལུ་ དུས་མཐུན་གྱི་ རྒུད་འཐུས་ཐོབ་སྟེ་ སྡུག་བསྔལ་གྱི་ངང་ལུ་ སྡོད་མ་དགོ་པར་ དྲང་ཁྲིམས་ཐོབ་ཚུགས་པའི་ རེ་བ་དང་གཅིག་ཁར་ འབྲེལ་ཡོད་ལས་སྡེ་དང་ མི་ངོམ་ཚུ་གིས་ འགན་འཁྲི་འབག་སྟེ་ ཕྱག་ལཱ་མཛད་ཞིནམ་ལས་ མི་སྡེའི་ནང་ དབྱེར་མེད་འདྲ་མཉམ་གྱི་ཐོག་ལས་ བསྟར་སྤྱོད་འབད་དེ་ ཁྲིམས་ཀྱི་རིང་ལུགས་འདི་ ཡིད་ཆེས་དང་ བརྩི་བཀུར་ཅན་ཅིག་ལུ་ འགྱུར་འོང་མནོ་བའི་ རེ་བ་དང་སྨོན་ལམ་ཡོད་ཟེར་ཞུ་ཡི།

ཁ་ཙ་ ཚོགས་ཁང་ནང་བཞུགས་མི་ འཐུས་མི་༢༢ ཡོད་ས་ལས་༢༠ གིས་ དགོ་གི་ཚོགས་རྒྱན་བཙུགས་ཐོག་ལས་ དཔྱད་ཡིག་ཆ་འཇོག་གྲུབ་ཡོདཔ་ད་ འཐུས་མི་༢ ཀྱིས་ འཛེམ་བཞུགས་ནུག།

ད་རིས་ རྒྱལ་ཡོངས་ཚོགས་སྡེ་ནང་ ཚོགས་ཆུང་གི་བར་ན་ གསུང་གྲོས་གནང་ནི་དང་ ནངས་པར་ སྤྱི་ཚོགས་ལྷན་བཞུགས་ནང་ ཚོངས་ཁང་༢ ཀྱི་བར་ན་ གྲོས་འཆམ་བྱུང་མ་ཚུགས་པའི་ དཔྱད་ཡིག་ཚུ་གི་སྐོར་ལས་ གསུང་གྲོས་གནང་ནི་ཨིནམ་ད་ སྤྱི་ཟླ་༧ པའི་ཚེས་༤ ལུ་ ལོག་ཚོགས་བཞུགས་འགོ་འདྲེན་འཐབ་ནི་ཨིན་ཟེར་ ཚོགས་སྡེའི་ཁྲི་འཛིན་ བཀྲིས་རྡོ་རྗེ་གིས་  གསུངས་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

ཕྱི་རྒྱལ་མདའ་གཞུའི་ མདའ་རྩེད་བཀག་ཆ་འབད་མི་གིས་ ཟ་ཁང་ལུ་ ཐོ་ཕོག་ཡོདཔ།

༉ ཐིམ་ཕུག་ལྕང་གླིང་མི་ཐང་གི་ འབའ་སྐྱོར་ཐང་ནང་ ཨ་རྟག་བཟུམ་སྦེ་ ཕྱི་རྒྱལ་མདའ་གཞུའི་ཐོག་ལས་ རྩེད་འགྲན་འབད་ནི་ བཀག་ཆ་འབད་བའི་ཤུལ་ལས་ ས་ཁོངས་ནང་ བཟའ་འཐུང་གི་རིགས་བཙོང་སྡོད་མི་ གནས་སྦྲེལ་ཟ་ཁང་གི་ ཇོ་བདག་ལུ་ གནོད་སྐྱོན་སྦོམ་རྐྱབ་སྟེ་ཡོདཔ་ཨིན་པས། དེ་ཡང་ དུས་ཅི་ སྤྱི་ཟླ་༡ …

Leave a Reply

Your email address will not be published. Required fields are marked *