༉ བསམ་རྩེ་རྫོང་ཁག་གིས་ བཟོ་སྐྲུན་འབད་མི་ གླིང་ཁ་དེ་ ལག་ལེན་འཐབ་ནིའི་དོན་ལུ་ ས་གནས་ནང་སྡོད་མི་ཚུ་ སག་ལང་སྟེ་ཡོད་རུང་ ལས་འགུལ་བསྒྲུབ་ནིའི་དོན་ལུ་ ག་ཅི་སྦེ་ ཡུན་འགྱངས་ལུས་སོཔ་ཨིན་ན་ཟེར་བའི་ དྲི་བ་བཀོད་དགོཔ་ཐོན་ནུག།
ས་གནས་ནང་སྡོད་མི་ ལ་ལོ་ཅིག་གིས་ སླབ་མིའི་ནང་ གླིང་ཁའི་ལས་འགུལ་དེ་ ག་ར་བསྒྲུབ་མ་ཚུགས་པར་ཡོད་ཟེར་ཨིནམ་ད་ ལས་འགུལ་དེ་ ཡུན་འགྱངས་སྦེ་ ལུས་སོ་ཡི་ཟེར་ཨིན་པས།
ས་གནས་ནང་ སྡོད་མི་ཅིག་གིས་ སླབ་མིའི་ནང་ གླིང་ཁ་བཟོ་སྐྲུན་གྱི་ལཱ་ ག་ར་འབད་མ་ཚར་བས་ཟེར་ཨིན་པའི་ཁར་ ལཱ་ཚུ་ཡང་ལེགས་ཤོམ་སྦེ་ མ་འབད་བས་ཟེར་ཨིནམ་ད་ ཆུའི་མཐུད་འབྲེལ་གྱི་ལཱ་དེ་ མ་འབད་བར་ཡོདཔ་ལས་ ད་ལྟོ་ ཆུ་རྐ་ཅིག་ ལྟ་བའི་བསྒང་འདུག་ཟེར་ཨིན་པས།
ས་གནས་ ལི་ཅི་སྦ་རི་ལུ་ཆགས་ཡོད་པའི་ ས་ཆ་ཨེ་ཀར་༡.༩༦ འབད་མི་ལས་འགུལ་དེ་ ཧེ་མའི་ཆུ་རྫིང་ཡོད་མི་ལས་ རྒྱ་སྐྱེད་འབད་དེ་ བཟོ་སྐྲུན་འབད་ཡོདཔ་བཞིན་དུ་ གླིང་ཁ་ལས་འགུལ་དེ་ སྤྱི་ལོ་༢༠༡༣ ལས་བཟོ་ཡོད་རུང་ ད་ལྟོ་ཡང་ སྒྲུབ་མ་ཚུགས་ཟེར་ཨིནམ་ད་ ཆུ་རྫིང་ལུ་ ཆུ་མཐུད་འབྲེལ་འབད་མ་ཚུགསཔ་ལས་ ལོ་༡ ལུས་སོ་ཡི་ཟེར་ཨིན་པས།
རྫོང་ཁག་འཆར་གཞི་འགོ་དཔོན་ བཀྲིས་ཀྱིས་ སླབ་མིའི་ནང་ ས་གནས་ས་ཁོངས་འཆར་གཞི་དང་འཁྲིལ་ ས་གནས་དེ་ རང་བཞིན་གྱི་ གླིང་ཁ་བཟོ་སྐྲུན་འབད་ནི་སྦེ་ ངོས་འཛིན་འབད་ཡི་ཟེར་ཨིནམ་ད་ ཆུ་རྫིང་དེ་ སྤྲོ་གསེང་གྱི་དོན་ལུ་ བཟོ་སྐྲུན་འབད་ནི་སྦེ་ ཐག་བཅད་ཡི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ བསམ་རྩེ་ལུ་ སྤྲོ་གསེང་གྱི་དོན་ལུ་ མཐུན་རྐྱེན་ག་ནི་ཡང་མེདཔ་ལས་ སྤྲོ་བ་གི་དོན་ལུ་ འབྲུག་མི་མང་ཤོས་ར་ རྒྱ་གར་སི་ལི་གུ་རི་ལུ་འགྱོཝ་མས་ཟེར་ཨིནམ་ད་ ལས་འགུལ་གྱི་ལཱ་དེ་ འཆར་གཞི་དང་བཟོ་བཀོད་ གསརཔ་དང་འཁྲིལ་ འཕྲོ་མཐུད་འབད་དོ་ཡོདཔ་ལས་ ལཱ་ཡུན་འགྱངས་ལུས་མི་དེ་ མི་སེར་ཚུ་གིས་ ཕྱི་འགྱུར་ཧ་གོ་ནུག་ཟེར་ཨིན་པས།
གླིང་ཁ་ལས་འགུལ་ལུ་ ད་ལྟོ་ མེ་ཏོག་ལྡུམ་ར་དང་ རྡོའི་ལྡུམ་ར་ ཨ་ལོ་རྩེདམོ་རྩེད་སའི་ མཐུན་རྐྱེན་ཚུ་ ཁ་སྐོང་བཀལ་ཡི་ཟེར་ཨིན་པའི་ཁར་ ཆུའི་བསགས་མཛོད་ཡང་ བཙུགས་ཏེ་ཡོད་ཟེར་ཨིནམ་ད་ གླིང་ཁ་ལུ་ རྒན་ཤོས་དང་ ཨ་ལོའི་དོན་ལུ་ ཆུ་རྫིང་གཉིས་ཡོདཔ་མ་ཚད་ ལུས་རྩལ་ཁང་དང་ མི་འགྱོ་སའི་ལམ་ཡང་ བཟོ་སྟེ་ཡོད་ཟེར་ཨིན་པས།
རྫོང་ཁག་བདག་སྐྱོང་གིས་འབད་བ་ཅིན་ ལས་འགུལ་དེ་ ལས་སྣ་སོ་སོར་འབད་དགོཔ་ལས་ དུས་ཚོད་ཁར་ བསྒྲུབ་ནིའི་དོན་ལུ་ ཡུན་འགྱངས་ལུས་སོ་ཡི་ཟེར་ཨིནམ་ད་ གླིང་ཁ་དེ་ དུས་ཅི་ སྤྱི་ཟླ་༡༢ པའི་ནང་ ལག་ལེན་འཐབ་འོང་ཟེར་ཨིནམ་ད་ ད་རེས་ བཟོ་སྐྲུན་གྱི་ལཱ་དེ་ མཇུག་བསྡུ་ཡོདཔ་ལས་ རང་སྤྱོད་ཟ་ཁང་དེ་ སྤྱི་ལོ་༢༠༡༨ ཟླ་༦ ལུ་ མཇུག་བསྡུ་ཡི་ཟེར་ཨིན་པས།
བཀྲིས་ཀྱིས་ སླབ་མིའི་ནང་ གླིང་ཁ་འཛིན་སྐྱོང་དོན་ལུ་ འཛིན་སྐྱོང་འཆར་གཞི་བཟོ་བའི་བསྒང་ཡོད་ཟེར་ཨིནམ་ད་ འཛིན་སྐྱོང་གི་འཆར་གཞི་དེ་ གླིང་ཁ་ལག་ལེན་འཐབ་ཐངས་ཀྱི་ ལམ་སྟོན་སྐོར་ལས་ ཨིན་ཟེར་ཨིན་པས།
གླིང་ཁ་ལག་ལེན་འཐབ་ནིའི་དོན་ལུ་ རྫོང་ཁག་གིས་ སྤྲོ་བ་ཡོད་མི་སྒེར་སྡེ་ལུ་ བྱིན་འོང་ཟེར་ཨིནམ་ད་ གླིང་ཁའི་དོན་ལུ་ མ་དངུལ་དངུལ་ཀྲམ་ས་ཡ་༦.༡༨ དེ་ཅིག་ ཟད་འགྲོ་བཏང་ཡི་ཟེར་ ཨིན་པའི་གནས་ཚུལ།
སྐད་སྒྱུར་ གནས་བརྟན་རྡོ་རྗེ།