༉ ཁ་ཙ་ བསམ་རྩེ་ལུ་སྦེ་ རྒྱལ་ཡོངས་དུས་ཆེན་ཐེངས་༡༡༡ པ་ བརྩི་སྲུང་ཞུཝ་དང་འབྲེལ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་ལུ་ རྒྱལ་ཁབ་ནང་གི་ རྟགས་མ་མཐོ་ཤོས་ཨིན་མི་ མངའ་བདག་དཔལ་གྱི་ འཁོར་ལོའི་རྟགས་མ་གནང་ཡི།
མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྐྱབས་རྗེ་མཆོག་གི་ མཛད་རྣམ་ལུ་ བཀྲིན་བསམ་ནིའི་དོན་ལུ་ མི་སེར་ཡོངས་ཀྱི་ སྐུ་ཚབ་སྦེ་ རྟགས་མ་དེ་ གནངམ་ཨིན་ཟེར་གསུངས་ཡི།
ད་ཚུན་ རྒྱལ་ཁབ་ནང་ རྟགས་མ་དེ་ མི་༣ ལུ་རྐྱངམ་གཅིག་ གནང་ཡོད་མི་དེ་ཡང་ སྐྱབས་རྗེ་ཁྲི་ཟུར་དང་ རྒྱལ་ཡུམ་སྐལ་བཟང་དབང་ཕྱུག་མཆོག་ལུ་ གནང་ཡོདཔ་ཨིན་པས།
བཙག་འཐུ་ལྷན་ཚོགས་ཀྱིས་ བཙག་འཐུ་ཚུ་རིམ་པ་བཞིན་དུ་ མཐར་འཁྱོལ་ཅན་སྦེ་ འགོ་འདྲེན་འཐབ་མིའི་དགའ་ཚོར་ལུ་ མི་དབང་མཆོག་གིས་ ལྷན་ཚོགས་ཀྱི་ གཙུག་སྡེ་ལུ་སྦེ་ འབྲུག་ཐུགས་སྲས་ཀྱི་ རྟགས་མ་གནང་ཡི།
རྟགས་མ་དེ་ཡང་ ལྷན་འཛིན་ ཆོས་རྒྱལ་དར་མགོ་རིག་འཛིན་དང་ བདེ་སྐྱིད་དཔལམོ་ དེ་ལས་ པདྨ་ཚེ་དབང་༣ གྱིས་ ཞུ་ཡི།

ལྷན་འཛིན་ཆོས་རྒྱལ་ དར་མགོ་རིག་འཛིན་གྱིས་ བཤད་མིའི་ནང་ རྒྱལ་ཡོངས་དུས་ཆེན་ ཐེངས་༡༡༡ པའི་ནང་ མི་དབང་ཡབ་མེས་སྲས་༣ དང་ སྐྱབས་རྗེ་མཆོག་བཞུགས་པའི་དུས་ཚོད་ནང་ བཙག་འཐུ་དང་འབྲེལ་བའི་ དགའ་ཚོར་ཞུ་ནིའི་ གོ་སྐབས་ཅིག་ཐོབ་ཨིན་པའི་ཁར་ རྟགས་མ་དེ་ ནམ་ཡང་བརྗེད་པར་ཕངས་པ་ཅིག་ཨིནམ་ལས་ དགའ་ཚོར་སྦོམ་ཡོད་ཟེར་ཨིན་པས།
འབྲུག་རྒྱང་བསྒྲགས་ལས་འཛིན་གྱི་ ལས་རིམ་བཟོ་མི་གོངམ་ འཆི་མེད་རྡོ་རྗེ་དང་ ཀརྨ་རྡོ་རྗེ་ དེ་ལས་ བསོད་ནམས་སྟོབས་རྒྱས་དང་ ཚེ་དབང་༤ ལུ་ འདས་པའི་བཙག་འཐུ་སྐབས་ ཕྱག་ཕྱིད་ལེགས་ཤོམ་སྦེ་ ཞུ་བའི་བརྡ་མཚོན་ལུ་ གཟེངས་ཐོན་གྱི་ དངུལ་གྱི་རྟགས་མ་གནང་ཡི།
མི་དབང་མཆོག་གིས་ དུས་ཅི་གི་ བཙག་འཐུ་སྐབས་ བཙག་འཐུ་ལྷན་ཚོགས་དང་ ཞི་གཡོགཔ་ དེ་ལས་ དྲག་ཁག་གསུམ་དང་ བརྡ་བརྒྱུདཔ་ ཁས་བླངས་པ་ཚུ་གིས་ མཐར་འཁྱོལ་ཅན་ འགྱོ་ནིའི་དོན་ལུ་ འགན་ཁུར་ལེགས་ཤོམ་སྦེ་ འབག་ཡི་ཟེར་གསུགས་ཡི།
མི་དབང་མཆོག་གིས་ འབྲུག་མཉམ་རུབ་ཚོགས་པ་དང་ འབྲུག་ཕུན་སུམ་ཚོགས་པ་༢ ཀྱིས་ སྤྱིར་བཏང་བཙག་འཐུ་ནང་ དོ་འགྲན་འབད་དེ་ བློན་ཆེན་གསརཔ་དང་ ལྡོག་ཕྱོགས་འགོ་ཁྲིདཔ་༢ དེ་ལས་ བཙག་འཐུ་གྲུབ་མི་ སྤྱི་ཚོགས་ཀྱི་ འཐུས་མི་ག་ར་ལུ་ བཀྲིན་དགའ་ཚོར་ཡོད་ཟེར་གསུངས་ཡི།
ང་བཅས་ཀྱི་ དམངས་གཙོ་དེ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གི་ ཐུགས་ཀྱི་དགོངས་གཏེར་ཨིནམ་ལས་ འབྲུག་མི་དང་ ཞི་གཡོགཔ་ དེ་ལས་ བཙག་འཐུ་གྲུབ་མི་མི་ངོ་དང་ མི་སེར་ཚུ་གིས་ རྒྱལ་ཁབ་ལུ་ ཕྱག་ཞུ་ནིའི་ གོ་སྐབས་ཐོབ་མི་དེ་ སྐལ་བ་བཟང་ནུག་ཟེར་གསུངས་ཡི།
སྲིད་དོན་ཚོགས་པ་ག་ར་གིས་ ཁས་བླངས་འབད་མི་ཚུ་ལུ་ གཟིགས་ཞིབ་གནང་པའི་སྐབས་ ལྕོགས་གྲུབ་ཅན་དང་ འདེམས་ངོ་ཚུ་ཡང་ ག་ར་རིག་པ་ཅན་ཚུ་ཡོདཔ་ལས་ ཚོགས་པ་ཚུ་གིས་ མ་འོངས་པའི་ དོན་འགྲུབ་ནིའི་དོན་ལུ་ ལཱ་འབད་ནིའི་སྐོར་ལས་ ངོས་འཛིན་འབད་དེ་ ཡོདཔ་སྦེ་མཐོང་ཅི་ཟེར་གསུངས་ཡི།
ཚོགས་པ་ག་ར་གིས་ གྲོང་གསེབ་ཀྱི་ མཐའ་དོན་ལུ་ ལཱ་འབད་ནིའི་ ཁས་བླངས་ཚུ་ འབད་བའི་ཁར་ སོ་ནམ་པ་ཚུ་གི་ དཀའ་ངལ་སེལ་ཐབས་ དེ་ལས་ རི་དྭགས་སེམས་ཅན་གྱིས་ གནོདཔ་བཀལ་བའི་ དཀའ་ངལ་བསལ་ནི་ འཐུང་ཆུའི་དཀའ་ངལ་བསལ་ནི་ འཁོར་ལམ་ཉམས་བཅོས་འབད་ནི་ གསརཔ་བཟོ་སྐྲུན་འབད་ནི་ཚུ་ག་ར་ མི་སེར་ཚུ་གི་ འོང་འབབ་ཡར་དྲག་གཏང་ནིའི་ ཁས་བླངས་ཚུ་ ཨིན་མས་ཟེར་གསུངས་ཡི།

མི་དབང་མཆོག་གིས་ ཡུན་རིང་གི་ དམིགས་གཏད་དེ་ རྒྱལ་ཡོངས་ཀྱི་ ཉེན་སྲུང་དང་ ལམ་སྲོལ་བདག་འཛིན་འཐབ་ནི་ རང་བཞིན་གནས་སྟངས་ཉམས་སྲུང་དང་ བདག་འཛིན་འཐབ་ནི་ གཞན་དང་གཅིག་ཁར་ སྐྱིད་ཏོང་ཏོ་སྦེ་སྡོད་ནི་ དེ་ལས་ འབྲུག་པའི་ཐོན་སྐྱེད་ཡར་དྲག་བཏང་སྟེ་ འཛམ་གླིང་ནང་ འབྲུག་པའི་ངོ་རྟགས་བཞག་ནི་དེ་ གལ་ཆེ་ཟེར་གསུངས་ཡི།
རྒྱལ་ཁབ་ཀྱི་ རྒྱུ་ནོར་ངོ་མ་དེ་ མི་སྟོབས་ཨིནམ་ལས་ ཞི་གཡོགཔ་ཚུ་གིས་ གཡུས་སྒོ་དང་ རྒེད་འོག་ རྫོང་ཁག་ཚུ་ནང་ལས་ཕར་ བཤལ་སོང་པའི་ཁར་ འཛམ་གླིང་གི་ རྒྱལ་ཁབ་ཚུ་ནང་ལས་ཕར་ཡང་ སོང་ཡོདཔ་ལས་ དུས་ཀྱི་འགྱུར་བ་དང་འཁྲིལ་ འཕྲུལ་རིག་གི་ འགྱུར་བ་འགྱོ་མི་ཚུ་ དུས་མཐུན་བཞག་སྟེ་ དེ་ཚུ་ རྒྱལ་ཁབ་ལུ་ ཕན་ཐོགས་ནིའི་དོན་ལུ་ ལག་ལེན་འཐབ་ཤེས་དགོ་ཟེར་གསུངས་ཡི།
ཞི་གཡོགཔ་ཚུ་གིས་ དཀའ་ངལ་ཚུ་ དེ་འཕྲོ་ལས་ སེལ་མ་ཚུགས་པ་ཅིན་ དམིགས་གཏད་ལེགས་ཤོམ་ཡོད་པའི་ ཡིག་ཚང་ཚུ་གིས་ཡང་ གྲུབ་འབྲས་ཐོན་མི་ཚུགས་ཟེར་ཨིནམ་ད་ དེ་གིས་ གོ་སྐབས་བྱང་སྟེ་ དུས་ཚོད་དང་ མཐུན་རྐྱེན་ཚུ་ འཕྲོ་བརླགས་འགྱོ་འོང་ཟེར་གསུངས་ཡི།
ད་ལས་ཕར་ ལོ་ངོ་༡༠ དང་༡༥ གི་བར་ན་ རྒྱལ་ཡོངས་ཀྱི་ དམིགས་དོན་ཚུ་ འགྲུབ་སྟེ་ དེ་གི་ཕན་པ་ཚུ་ མི་སེར་ཚུ་གིས་ འཐོབ་ཚུགས་པ་ཅིན་ དེ་གི་མིང་གཏམ་དེ་ ཞི་གཡོགཔ་ཚུ་གིས་ར་ འཐོབ་སྡོད་འོང་ཟེར་ གསུངས་པའི་ཁར་ མཐར་འཁྱོལ་མ་བྱུང་པ་ཅིན་ ཞི་གཡོགཔ་གིས་ ཚགས་ཁར་མ་ཚུདཔ་སྦེ་ མཐོང་སྡོད་འོང་ཟེར་ཨིན་པས།
མི་དབང་མཆོག་གིས་ དུས་སྟོན་གྱི་ གསུངས་བཤད་མཇུག་ལུ་ དུས་སྟོན་བརྩི་སྲུང་ནང་ ཨ་རྟག་ར་ སྨོན་ལམ་བཏབ་དོ་བཟུམ་སྦེ་ གུ་རུ་རིན་པོ་ཆེ་གི་ སྦས་ཡུལ་ ཞབས་དྲུང་ངག་དབང་རྣམ་རྒྱལ་དང་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གི་ བྱིན་གྱིས་བརླབས་པའི་ རྒྱལ་ཁབ་དེ་ནང་ དུས་རྒྱུན་དུ་ དགའ་སྐྱིད་དང་ལྡན་བཅུག་ཟེར་བའི་ སྨོན་ལམ་བཏབ་གནང་ཡི།
འབྲུག་རྒྱང་བསྒྲགས་ལས་འཛིན་ལས་ ལས་རིམ་བཟོ་མི་གོངམ་༤ གིས་ དངུལ་གྱི་རྟགས་མ་ཐོབ་མི་དེ་ཡང་ བཙག་འཐུ་སྐབས་ ཕྱག་ཞུ་བའི་ ངོས་འཛིན་ལུ་ཨིན་པས།

སྐྱེས་ལོ་༣༩ ལང་མི་ འཆི་མེད་རྡོ་རྗེ་གིས་ སླབ་མིའི་ནང་ འདས་པའི་བཙག་འཐུ་ཐེངས་༣ ཆ་རའི་ནང་ རྒྱང་བསྒྲགས་དང་ འབྲེལ་བའི་ཞབས་ཏོག་ཚུ་ ཕྱག་ཞུ་ནིའི་གོ་སྐབས་འཐོབ་པའི་ཁར་ རྟགས་མ་ཐོབ་མི་དེ་གིས་ ཧེང་སྐལ་ར་ བརྩོན་ཤུགས་བྱིནམ་མས་ཟེར་ཨིན་པས།
སྐྱེས་ལོ་༤༩ ལང་མི་ ཀརྨ་རྡོ་རྗེ་གིས་ རྟགས་མ་ཐོབ་མི་དེ་ཡང་ རྒྱང་བསྒྲགས་ལས་འཛིན་ནང་ ལཱ་གཅིག་ཁར་འབད་མི་ལུ་བརྟེན་ ཨིན་ཟེར་བཤད་ཅི།
དུས་སྟོན་བརྩི་སྲུང་ཞུ་བར་འོང་མི་ མང་ཤོས་ཅིག་ ཐང་ནང་ཤོང་མ་ཚུགསཔ་ལས་ ལོག་འགྱོ་དགོཔ་ཐོན་ཡོད་རུང་ སྐྱེས་ལོ་༣༦ ལང་མི་ ཇཱསི་བྷ་དུར་ག་ལེ་གིས་ ཁ་ཙ་དྲོ་པ་ ཆུ་ཚོད་༡ ལས་ལོང་སྟེ་ ཁོ་རའི་ཨ་ལོ་༢ ཁྱིད་དེ་ གཡུས་མི་ཚུ་དང་གཅིག་ཁར་ སྣུམ་འཁོར་བོ་ལི་རོ་ གླ་ཁར་ལེན་ཏེ་ འོང་ཡོདཔ་ལས་ ནང་ན་འཛུལ་ནིའི་གོ་སྐབས་འཐོབ་ནི་དེ་གིས་ བསམ་པ་རྫོགས་ཅི་ཟེར་ཨིན་པས།
སྐྱེས་ལོ་༧༢ ལང་མི་ སཱོལ་ཏབ་ས་ལས་ཨིན་མི་ སྤུང་གིས་ ཆེད་དམིགས་བསྐྱེད་དེ་ ཁོ་རའི་ཚམོ་དང་གཅིག་ཁར་ འོང་ཡོདཔ་ལས་ རྒྱལཔོ་༢ དང་སྐུ་འཁོར་ དེ་ལས་ རྒྱལ་སྲས་མཇལ་ཚུགས་ནི་དེ་གིས་ སེམས་དགའ་ཡི་ཟེར་ ཨིན་པའི་གནས་ཚུལ།
བསམ་རྩེ་ལས་ བཀྲིས་བསྟན་འཛིན།