བསམ་རྩེའི་མི་སེར་ཚུ་ རྒྱལ་ཡོངས་དུས་ཆེན་ བརྩི་སྲུང་ཞུ་སར་ མི་དབང་ཡབ་མེས་སྲས་གསུམ་དང་ སྐྱབས་རྗེ་མཆོག་མཇལ་ནི་ལུ་ སག་ལང་སྟེ་ སྣུམ་འཁོར་ནང་འཛུལ་བའི་བསྒང་།

བསམ་རྩེ་ལུ་ རྒྱལ་ཡོངས་དུས་ཆེན་ཐེངས་༡༡༡ པ་ ད་རིས་ བརྩི་སྲུང་ཞུ་ནི།

༉ ད་རིས་ བསམ་རྩེ་རྫོང་ཁག་ནང་ རྒྱལ་ཡོངས་དུས་ཆེན་ཐེངས་༡༡༡ པ་ འགོ་འདྲེན་འཐབ་ནི་ཨིནམ་ལས་ ཁ་ཙ་ལས་ བསམ་རྩེ་ཁྲོམ་ནང་ ཧེ་མ་དང་མ་འདྲ་བའི་ མི་སྤུངས་འཛོམས་འབད་མི་གིས་ སྣུམ་འཁོར་ཚུ་ ཁྲོམ་ཁར་མ་ཤོང་པར་ འུར་བྱེལ་འཐབ་པའི་ མཐོང་སྣང་ལུ་ གྱུར་ཡོདཔ་ཨིན་པས།
སྤྱིར་བཏང་འབད་བ་ཅིན་ བསམ་རྩེ་གི་ཁྲོམ་ཁར་ མི་དག་པ་ཅིག་ལས་བརྒལ་ འོང་ནི་མེད་པའི་ཁར་ ཁྲོམ་དེ་ ཁུ་སིམ་སིམ་ཅིག་ཨིན་རུང་ ཁ་ཙ་བཟུམ་ཅིག་ འབད་བ་ཅིན་ ཐིམ་ཕུག་ཁྲོམ་གྱི་ མཐོང་སྣང་བཟུམ་ཅིག་ལུ་ གྱུར་ཡོདཔ་ཨིན་པས།
དུས་ཅི་གི་ རྒྱལ་ཡོངས་དུས་ཆེན་དེ་ མ་འདྲཝ་ཅིག་སྦེ་ བརྩི་སྲུང་ཞུ་ནི་ཨིན་པའི་ཁར་ བཅའ་སྒྲིག་ཚུ་ཡང་ མ་བཏུབ་བཏུབ་སྦེ་ རྐྱབ་ནུག།
དུས་ཆེན་ནང་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་དང་ མི་དབང་རྒྱལ་སྲས་ སྐུར་འཁོར་ཚུ་གིས་ གྲལ་བཞུགས་གནང་ནི་ཨིན་པའི་ཁར་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ཡང་ འགོ་དང་པ་ བརྩི་སྲུང་ནང་ གྲལ་བཞུགས་གནང་ནི་ཨིན་པས།
ལས་རིམ་ངོ་མ་དེ་ དྲོ་པའི་ཆུ་ཚོད་༩ ལས་འགོ་བཙུགས་ མི་དམངས་ཀྱིས་ དཔལ་ལྡན་འབྲུག་པ་ ལྷ་རྒྱལ་ལོ་ཟེར་བའི་ ངར་སྐད་ཀྱི་ ཚིག་བརྗོད་པའི་སྐབས་ དུས་མཉམ་དུ་ ནམ་མཁའ་ལས་ གནམ་གྲུ་༢ ལས་ཅིག་གིས་ འབྲུག་གི་རྒྱལ་དར་འཕྱར་ཏེ་ འཕུར་འགྱོཝ་ད་ གཞན་མི་གིས་ ཙམ་པ་ཀའི་མེ་ཏོག་ཚུ་ ནམ་མཁའ་ལས་མར་ གཏོར་ནི་ཨིན་པས།
རྒེད་འོག་༡༥ འི་མི་ཚུ་ དུས་སྟོན་བརྩི་སྲུང་འབད་སར་ འོང་མི་ཚུ་གི་དོན་ལུ་ སྣུམ་འཁོར་བཱསི་ཚུ་ བདེ་སྒྲིག་འབད་དེ་ བྱིན་དོ་ཡོདཔ་ལས་ རྒེད་འོག་ལ་ལོ་ཅིག་གི་ མི་སེར་ཚུ་ ཁ་ཙ་ལས་ ཁྲོམ་གྱི་ ཉེ་འདབས་ལས་ཕར་ཡོད་པའི་ སློབ་གྲྭ་ཚུ་ནང་ བཞག་ཡོདཔ་ཨིན་པས།
དུས་ཅི་འབདཝ་ད་ བསམ་རྩེ་རྫོང་ཁག་ནང་ རྒྱལ་ཡོངས་དུས་ཆེན་ཐེངས་༤ འགོ་འདྲེན་འཐབ་ནི་ཨིནམ་ད་ དེ་ཡང་ སྤྱི་ལོ་༡༩༨༡ དང་༡༩༩༡ དེ་ལས་ ༢༠༠༢ ལུ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
དུས་སྟོན་ནང་ ཧེ་མ་དང་མ་འདྲ་བའི་ མཐོང་སྣང་ཚུ་ཡང་ དྲོ་པ་ལས་ བཞེས་ཐུག་དྲང་ནི་ལས་འགོ་བཙུགས་ གློག་བརྙན་རྩེད་མི་ཚུ་གིས་ ཉིན་མའི་ལས་རིམ་ཚུ་ འགོ་འདྲེན་འཐབ་ནི་ཨིན་པས།
དུས་སྟོན་བརྩི་སྲུང་ཞུ་བར་འོང་མི་ཚུ་གིས་ རྒྱང་མཐོང་ནང་ བལྟ་ཚུགས་ནིའི་དོན་ལུ་ ཐང་གི་ གཡས་གཡོན་ལུ་ རྒྱང་མཐོང་སྦོམ་༢ བཙུགས་ཡོདཔ་ཨིན་པས།
དུས་སྟོན་བརྩི་སྲུང་ནང་འོང་མི་ཚུ་ལུ་ སྣུམ་འཁོར་བཱསི་ བཙུགས་ཏེ་ཡོད་པའི་ཁར་ མི་སེར་ལ་ལོ་ཅིག་ ཁ་ཙ་ལས་ ས་ཁོངས་ནང་ འོང་སྟེ་འདུག་ཟེར་ཨིན་པས།
ཧེ་མ་འབད་བ་ཅིན་ འབྲུག་རྒྱང་བསྒྲགས་ལས་འཛིན་གྱིས་ དུས་སྟོན་གྱི་སྐོར་ལས་ རྒྱང་མཐོང་ཊི་བི་ནང་ལས་ཕར་ སྟོན་དོ་ཡོད་རུང་ ལས་རིམ་ཚུ་གི་སྐོར་ལས་ ཁ་གསལ་དང་ རྒྱབ་ཁུངས་ཚུ་ གོ་བཤད་འབད་ནི་མེདཔ་ལས་ དུས་ཅི་འབད་བ་ཅིན་ རྒྱང་མཐོང་བལྟ་མི་ཚུ་གི་དོན་ལུ་ ལས་རིམ་གྱི་སྐོར་ལས་ རྒྱབ་ཁུངས་ཚུ་ཡང་ སྟོན་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ཨིན་པས།
རྟ་སྡིང་གཡུས་ཚན་ལས་ སྐྱེས་ལོ་༣༣ ལང་མི་ སྒྲོལ་མ་ཏ་མང་གིས་ མོ་རའི་ཨ་ལོ་༢ དང་གཅིག་ཁར་ དུས་སྟོན་བརྩི་སྲུང་གི་ དོན་ལུ་འོང་ཡོདཔ་ད་ མོ་ར་ ཁ་ཙ་ཕྱི་རུ་ ཞག་ཉལ་ས་ཅིག་ གཏན་འཁེལ་མེད་རུང་ དུས་སྟོན་བརྩི་སྲུང་ཞུ་ནིའི་ གོ་སྐབས་ འཐོབ་མི་ལུ་ སེམས་དགའ་ཡོདཔ་ཨིན་པས།
ང་གིས་ ང་རའི་རྒྱལ་པོ་དང་ སྐུ་འཁོར་ཚུ་ དངོས་སུ་སྦེ་ མཇལ་ཚུགས་པའི་ གོ་སྐབས་འཐོབ་ནི་མས་ཟེར་ མོ་གིས་ ཀུན་གསལ་ལུ་བཤད་ཅི།
སྐྱེས་ལོ་༥༩ ལང་མི་ ཨུ་མ་པ་ཏི་ ཕུ་ཡལ་གྱིས་ སླབ་མིའི་ནང་ རྒྱལ་ཡོངས་དུས་ཆེན་ཐེངས་༡༡༡ པ་དེ་ མི་མང་གི་དོན་ལུ་ དམིགས་བསལ་ཅིག་ ཨིན་མི་དེ་ཡང་ རྒྱལ་ཁབ་ནང་ དགའ་སྐྱིད་ཀྱི་དཔལ་ལུ་ ལོང་སྤྱོད་དེ་ གཅིག་མཐུན་ཡོད་པའི་ རྟགས་ཨིན་ཟེར་ཨིན་པས།
བདེན་ཆུ་ཁ་ལས་ ཧོམ་ནཱཐ་ཀུའི་ཀིལ་གྱིས་ ཁོ་རའི་བཟའ་ཚང་དང་གཅིག་ཁར་ ཁ་ཙ་དྲོ་པའི་ཆུ་ཚོད་༩ ལས་ སྣུམ་འཁོར་ བོ་ལི་རོ་གླ་ཁར་ལེན་ཏེ་ བསམ་རྩེ་ལུ་ འགྲོ་འགྲུལ་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།
ཁོ་གིས་བཤད་མིའི་ནང་ དུས་ཆེན་བརྩི་སྲུང་ཞུ་ནིའི་ སག་ལང་མི་ལུ་བརྟེན་ ཟད་འགྲོ་ལུ་ འཚེར་སྣང་མ་བསྐྱེད་པར་ འོང་ཡི་ཟེར་ཨིན་པས།
དུས་སྟོན་དོན་ལུ་ ཁྱིམ་གུང་རང་སོའི་ ཁྱིམ་གྱི་གདོང་ཁར་ རྒྱལ་དར་ཚུ་ འཕྱར་ཏེ་ཡོད་པའི་གནས་ཚུལ།

བསམ་རྩེ་ལས་ བཀྲིས་བསྟན་འཛིན།

 

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *