བསམ་རྩེ་ཁྲོམ།

བསམ་རྩེ་ལུ་ རང་སྲོག་བཅད་མི་ ཡར་སེང་འགྱོ་བཞིན་དུ་ཡོདཔ།

༉ སྤྱི་ཟླ་༢ པའི་ཚེས་༢ ལུ་ བསམ་རྩེ་ཤེས་རིག་མཐོ་རིམ་སློབ་གྲྭའི་ སྐྱེས་ལོ་༢༥ ལང་མི་ ལེགས་སྦྱར་བ་ཞིབ་རོགས་ཅིག་གིས་ རང་སྲོག་བཅད་མི་ལུ་བརྟེན་ ས་གནས་ཀྱི་མི་ཚུ་ རྣམ་རྟོག་ལང་ཡོདཔ་མ་ཚད་ སེམས་ཕམ་བྱུང་ཡོདཔ་ཨིན་པས།

དེ་ཡང་ ཉམས་རྒུདཔ་ཨམ་སྲུ་དེ་ མཐོ་རིམ་སློབ་གྲྭའི་ སེམས་ཁམས་རིག་པའི་ལས་ཁུངས་ཀྱི་ ལེགས་སྦྱར་བ་འབད་མི་ལུ་བརྟེན་ཨིན་པས།

མ་གཞི་ གནད་དོན་དེའི་སྐོར་ལས་ མཐོ་རིམ་སློབ་གྲྭའི་འཛིན་སྐྱོང་གིས་  སླབ་མ་བཏུབ་རུང་ གནས་ཚུལ་གྱི་ བྱུང་ཁུངས་ཚུ་དང་འཁྲིལཝ་ད་ ཚེ་འདས་ཀྱི་ ཉེ་ཚན་ཚུ་གིས་འབད་བ་ཅིན་ རང་སྲོག་བཅད་མི་དེ་ མཐུན་འབྲེལ་ལུ་བརྟེན་ འོང་ནི་བཟུམ་འདུག་ཟེར་ཨིན་པས།

ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ གནད་དོན་དེ་ལུ་ ཞིབ་དཔྱད་འབད་བའི་བསྒང་ཡོད་ཟེར་ཨིན་པས།

བསམ་རྩེ་ལུ་ རང་སྲོག་བཅད་མིའི་ གྱངས་ཁ་དེ་ རྣམ་རྟོག་ལང་སི་སི་སྦེ་ ཡར་སེང་འགྱོ་དོ་ཡོདཔ་ད་ སྤྱི་ལོ་༢༠༢༠ ལུ་ མི་༡༥ གིས་ རང་སྲོག་བཅད་ཡོད་མི་ལས་ ཆུང་ཤོས་ར་ སྐྱེས་ལོ་༡༣ ལང་མི་ སློབ་ཕྲུག་བུཚ་ཅིག་ཨིན་པས།

གསོ་བའི་འགོ་དཔོན་ཅིག་གིས་ སླབ་མིའི་ནང་ བུཚ་དེ་ གནད་དོན་ཆུང་ཀུ་ཅིག་ལུ་བརྟེན་ རང་སྲོག་བཅད་མི་དེ་ཡང་ ཚེ་འདས་ཀྱིས་ ཁོ་རའི་ ཕོ་སྤུན་དང་གཅིག་ཁར་ ཁ་ཤགས་རྐྱབ་ནུག་ཟེར་ཨིན་པས།

སྤྱི་ལོ་༢༠༡༩ ལུ་འབད་བ་ཅིན་ མི་༡༢ ཀྱིས་ རང་སྲོག་བཅད་ཡོདཔ་ཨིན་པས།

མ་གཞི་ རྫོང་ཁག་གི་ མི་རློབས་དང་འཁྲིལཝ་ད་ ལྕེབས་ཤིའི་གྱངས་ཁ་དེ་ རྣམ་རྟོག་ལང་སི་སི་མེད་རུང་ གསོ་བའི་འགོ་དཔོན་གྱིས་ སླབ་མིའི་ནང་ གྱངས་ཁ་ལུ་བལྟ་བ་ཅིན་ ཡར་སེང་སོང་ཡོད་པའི་ཁར་ དམིགས་བསལ་དུ་ འདས་པའི་ལོ་ནང་ ཡར་སེང་སོང་ནུག་ཟེར་ཨིན་པས།

གནད་དོན་དེའི་སྐོར་ལས་ གོ་བ་བརྡ་སྤྲོད་འབད་ཡོད་རུང་ རང་སྲོག་བཅད་མི་དེ་ ཐོན་བཞིན་དུ་འདུག་ཟེར་ འགོ་དཔོན་གྱིས་ བཤད་ཡོདཔ་ད་ སྤྱི་ལོ་༢༠༡༧ ལུ་ སྐྱེས་ལོ་༡༢ ལང་མི་ སློབ་ཕྲུག་ཅིག་གིས་ རང་སྲོག་བཅད་མི་དེ་ ཆུང་ཤོས་དང་ སྐྱེས་ལོ་༦༤ ལང་མི་དེ་ རྒན་ཤོས་ཅིག་ཨིན་པས།

སྤྱི་ལོ་༢༠༡༦ ལུ་ མི་༡༧ གྱིས་ རང་སྲོག་བཅད་ཡོདཔ་ད་ བསམ་རྩེ་ལུ་ མི་སྡེ་དང་འབྲེལ་བའི་ གདོང་ལེན་དང་ སྨྱོ་རྫས་ལག་ལེན་ དེ་ལས་ སེམས་ནད་ཚུ་ལུ་བརྟེན་ རང་སྲོག་བཅདཔ་མས་ཟེར་ གསོ་བའི་འགོ་དཔོན་གྱིས་ བཤདཔ་ཨིན་པས།

རྫོང་ཁག་ཚོགས་འདུའི་ཁྲི་འཛིན་ བརྟན་འབྲུག་རྒཔོ་ ཉི་མ་འབྲུག་པ་གིས་ སླབ་མིའི་ནང་ རང་སྲོག་བཅད་མིའི་  གནད་དོན་གཙོ་བོ་ར་ འཛམ་གླིང་གཅིག་གྱུར་ལུ་བརྟེན་ ཨིན་པའི་ཁར་ མི་ཚུ་གི་བར་ན འབྲེལ་འཛིན་འབད་ནི་མིན་འདུག་ཟེར་ཨིན་པས།

ཁོ་གིས་འབད་འབད་བ་ཅིན་ འགྲུལ་འཕྲིན་དེ་ དེས་སང་གི་ འཕྲུལ་རིག་ཅིག་འབདཝ་ལས་ མི་ཚུ་གིས་ མི་སྡེའི་ནང་འཁོད་ལུ་ འབྲེལ་བ་མི་འཐབ་དོ་ཡོདཔ་ད་ ད་རེས་ནངས་པར་ ཕམ་ཚུ་གིས་ རྔུ་བའི་སྐབས་ སྐྱེས་ལོ་༢ ལང་མི་ ཨ་ལོ་ཚུ་ཡང་ འགྲུལ་འཕྲིན་བྱིན་ནི་འདུག་ཟེར་ཨིན་པས།

བཀྲིས་ཆོས་གླིང་གི་རྒཔོ་ ས་མི་གི་རི་གིས་ སླབ་མིའི་ནང་ ན་གཞོན་ཚུ་གིས་ རང་སྲོག་བཅད་མི་དེ་ཡང་ མི་སྡེ་བརྡ་བརྒྱུད་ལུ་བརྟེན་ འོང་ནི་མས་ཟེར་ཨིནམ་ད་ ད་རེས་ ཨ་ལོ་ཚུ་གིས་ འགྲུལ་འཕྲིན་ནང་ གློག་བརྙན་ལ་སོགས་པ་ ག་ཅི་ཡང་ བལྟ་ཚུགས་དོ་ཡོདཔ་ལས་ སེམས་ལུ་གནོད་པ་བྱུངམ་མས་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ རྒྱལ་ཁབ་གོང་འཕེལ་འགྱོ་དོ་ཡོདཔ་རུང་ འགྲོ་བ་མི་ གོང་འཕེལ་འགྱོ་ནི་དེ་ ལེགས་ཤོམ་ཅིག་མེན་པས་ཟེར་ཨིན་པས།

བསམ་རྩེ་ཨམ་སྲུའི་ཆ་བཞག་དང་ལྕོགས་གྲུབ་ཡར་སྐྱེད་ལས་སྡེའི་མགྲན་ཚབ་ ནོར་རྒྱས་སྒང་རྒེད་འོག་གི་ བདག་སྐྱོང་འགོ་དཔོན་ ཀུན་ལེགས་རྡོ་རྗེ་གིས་འབད་བ་ཅིན་ རྫོང་ཁག་ནང་ མི་སྡེའི་གནད་དོན་ཐོག་ལུ་ གོ་བ་བརྡ་སྤྲོད་ཚུ་ འབད་བཞིན་དུ་ཡོད་ཟེར་ཨིན་པས།

འཕྲལ་ཁམས་ཅིག་ཁར་ རྒེད་འོག་༡༢ ནང་ གོ་བ་བརྡ་སྤྲོད་འབད་ཡོདཔ་ད་ མ་གཞི་ བསམ་རྩེ་ལུ་ རང་སྲོག་བཅད་མི་ ཡར་སེང་སོང་ཡོད་རུང་ གནད་དོན་ག་ཅི་ལུ་བརྟེན་ཨིན་ན་ མ་ཤེས་པར་ཡོད་ཟེར་ ཀུན་ལེགས་རྡོ་རྗེ་གིས་ བཤདཔ་ཨིན་པས།

ན་ཧིང་ ཅེང་མ་ར་ལུ་ ཉིནམ་༡༠ གྱི་ནང་ར་ མི་༣ ལྕེབས་ཤི་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

གསར་སྤང་ཊཱར་ལུ་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཆོག་ནི།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་དྲི་བཀོད་ལས་རིམ་ འགོ་འདྲེན་འཐབ་པའི་སྐབས་ ཞབས་ཏོག་བློན་པོ་ རྡོ་རྗེ་ཚེ་རིང་གིས་ ད་རེས་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ གསར་སྤང་ཊཱར་གྱི་ ས་གནས་གོང་འཕེལ་ས་ཁོངས་ནང་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཚུགས་ཟེར་ཨིན་པས། ད་རེས་ …

Leave a Reply

Your email address will not be published. Required fields are marked *