བསམ་རྩེ་ལུ་ རང་སྲོག་བཅད་མི་ ཡར་འཕར་འགྱོ་དོ་ཡོདཔ།

༉ དུས་ཅི་ བསམ་རྩེ་རྫོང་ཁག་ནང་ མི་༧ གྱིས་ རང་སྲོག་བཅད་ཡོདཔ་ཨིན་པས།

མི་ཚུ་གིས་ རང་སྲོག་བཅད་མིའི་ རྒྱུ་རྐྱེན་གཙོ་བོ་ར་ མི་སྡེའི་དཀའ་ངལ་དང་ སྨྱོ་རྫས་ལོག་སྤྱོད་ སེམས་ནད་ལ་སོགས་པ་ལུ་བརྟེན་ཨིན་པས་ཟེར་ གསོ་བའི་འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།

གསོ་བའི་འགོ་དཔོན་ཚུ་གིས་འབད་བ་ཅིན་ རང་སྲོག་གཅད་ནི་གི་ དཔའ་བཅམ་མི་དང་ མཐར་འཁྱོལ་བྱུང་མ་ཚུགས་པར་ལུས་མི་ མི་ཚུ་གི་ཐད་ལུ་ གདོང་ལེན་ཅན་གྱི་ གནད་དོན་ཅིག་སྦེ་ གནས་ཡོད་ཟེར་ཨིན་པས།

འདི་བཟུམ་མའི་ སྡེ་ཚན་ཚུ་ལུ་ ཉེན་ཁ་སྦོམ་ཡོད་ཟེར་ བསམ་རྩེ་རྫོང་ཁག་གསོ་བའི་འགོ་དཔོན་ གཱན་ཇ་རཱཇ་ གུ་རུང་གིས་ བཤདཔ་ཨིན་པས།

གལ་སྲིད་ ཉེན་ཁ་ཅན་གྱི་ སྡེ་ཚན་དེ་ལུ་ བསླབ་སྟོན་ལེགས་ཤོམ་མ་བྱིན་པར་ སྣང་མེད་སྦེ་ བཞག་པ་ཅིན་ ཁོང་གིས་ ནན་བསྐྱར་དུ་ རང་སྲོག་རང་གཅད་འབད་ནིའི་ འོས་འབབ་སྦོམ་ཡོདཔ་ལས་ ལྟ་རྟོག་འབད་དགོཔ་འདི་ ག་ནི་བ་ གལ་ཆེཝ་སྦེ་ མཐོངམ་མས་ཟེར་ གཱན་ཇ་རཱཇ་ གུ་རུང་གིས་ བཤདཔ་ཨིན་པས།

སྤྱི་ལོ་༢༠༡༦ ལུ་ བསམ་རྩེ་རྫོང་ཁག་ནང་ མི་གྲངས་༡༧ གྱིས་ རང་སྲོག་བཅད་མི་དེ་ རྒྱལ་ཁབ་ནང་ མཐོ་ཤོས་ཅིག་ཨིནམ་ད་ དེ་གིས་མ་དོ་བར་ མི་༡༠ ལྷགཔ་ཅིག་གིས་ རང་སྲོག་གཅད་ནི་གི་ དཔའ་བཅམ་ཡོདཔ་བཞིན་དུ་ དུས་ཅིའི་ལོ་ནང་ མི་གྲངས་༧ གྱིས་ ལྕེབས་ཤི་ནི་གི་ དཔའ་བཅམ་རུང་ མཐར་འཁྱོལ་མ་ཚུགས་པས།

རང་སྲོག་བཅད་མིའི་ རྒྱུ་རྐྱེན་གཙོ་བོ་ཅིག་ མི་སྡེའི་གནད་དོན་ལུ་བརྟེན་ འོང་ནི་ཨིནམ་ལས་ མི་སེར་ཚུ་ལུ་ བརྡ་དོན་སྤྲོད་ནི་དང་ བསླབ་སྟོན་ལས་རིམ་ཚུ་ འགོ་འདྲེན་འཐབ་པའི་བསྒང་ཡོད་ཟེར་ རྫོང་ཁག་གསོ་བའི་ འགོ་དཔོན་གྱིས་ བཤདཔ་ཨིན་པས།

བསམ་རྩེ་ལུ་ཡོད་མི་ ཨམ་སྲུ་ཆ་བཞག་དང་ ལྕོགས་གྲུབ་ཡར་སྐྱེད་ལས་སྡེའི་ ཁས་བླངས་པ་ བདེ་ཆེན་ཆོས་འཛིན་གྱིས་ སླབ་མིའི་ནང་ མི་སེར་ཚུ་ལུ་ ཁྱིམ་ནང་གི་རྩུབ་སྤྱོད་དང་ གནོད་འཚེ་ ཆང་ལ་སོགས་པའི་ མི་སྡེ་དང་འབྲེལ་བའི་ གནད་དོན་ཚུ་གི་སྐོར་ལས་ གོ་བརྡ་སྤྲོད་ནི་དེ་ གཙོ་རིམ་བཟུང་སྟེ་ཡོད་ཟེར་ཨིན་པས།

དེ་ལས་ རྫོང་ཁག་དེ་གི་ རྒེད་འོག་གནས་རིམ་ནང་ རང་སྲོག་བཅད་མིའི་ གྱངས་ཁ་དེ་ བརྟན་འབྲུག་རྒེད་འོག་ནང་ མཐོ་ཤོས་ཡོད་མི་དེ་ཡང་ སྤྱི་ལོ་༢༠༡༦ ལས་ ད་ཚུན་གྱི་བར་ན་ མི་གྲངས་༩ གིས་ རང་སྲོག་བཅད་མིའི་གྲས་ལས་༢ ཀྱིས་ དུས་ཅིའི་ལོ་ནང་ ལྕེབས་ཤི་ཡོདཔ་ཨིན་པས།

བརྟན་འབྲུག་གི་རྒཔོ་ ཉི་མ་འབྲུག་པ་གིས་འབད་བ་ཅིན་ རང་སྲོག་བཅད་མིའི་ གྱངས་ཁ་ལུ་ བལྟ་བ་ཅིན་ ཚ་གྱང་ལངམ་མས་ཟེར་ཨིནམ་ད་ ད་རེས་ནངས་པར་ མི་ཚུ་ རྒྱུ་ནོར་ལུ་ ཆགས་སེམས་བསྐྱེདཔ་མ་ཚད་ བཟའ་ཚང་ ནང་མི་ནང་འཁོད་ལུ་ འབྲེལ་བ་གངམ་འཐབ་ནི་མེད་མི་ལུ་བརྟེན་ རང་སྲོག་བཅད་དོ་འོང་ནི་མས་ཟེར་ཨིན་པས།

རྒྱུ་རྐྱེན་གཞན་དེ་ དེང་སང་གི་འཕྲུལ་རིག་ དཔེར་ན་ འགྲུལ་འཕྲིན་ལག་ལེན་དང་ ཆང་འཐུང་མི་དེ་གིས་ཡང་ ལྷན་ཐབས་འབད་དོ་འོང་ནི་མས་ཟེར་ རྒཔོ་ཉི་མ་འབྲུག་པ་གིས་ བཤདཔ་ཨིན་པས།

བསམ་རྩེ་ལུ་ རང་སྲོག་བཅད་མི་ གཞོན་ཤོས་ར་ སྐྱེས་ལོ་༡༢ ལང་མི་ སློབ་ཕྲུག་ཅིག་ཨིནམ་ད་ རྒས་ཤོས་ཚུ་གི་གྲས་ལས་ སྐྱེས་ལོ་༦༤ ལང་མི་ ཕོ་རྒས་དེ་ཨིན་པས།

སྤྱི་ཟླ་༩ པའི་ཚེས་༡༠ ལུ་ རྒྱལ་སྤྱི་རང་སྲོག་རང་བཅད་ཀྱི་ཉིནམ་དེ་ བརྟན་འབྲུག་ལུ་ བརྩི་སྲུང་འབད་ཡོད་པའི་གནས་ཚུལ།

About admin

Check Also

བདེ་ཆེན་གླིང་ལུ་ གླངམོ་ཆེ་དང་འབྲེལ་བའི་དཀའ་ངལ།

༉ པདྨ་དགའ་ཚལ་ བདེ་ཆེན་གླིང་མཁོ་ལོམ་རི་དང་ དགོན་པ་འུང་སྤྱི་འོག་༢ ནང་ གླངམོ་ཆེ་དང་འབྲེལ་བའི་ གནོད་ཉེན་དེ་ ཆེ་སུ་ཅིག་སྦེ་ཐོན་ཡོདཔ་ལས་ ས་གནས་ཀྱི་མི་སེར་ཚུ་ ཚ་གྱང་ལང་སྟེ་ ཡོདཔ་ཨིན་པས། མ་གཞི་ ནགས་ཚལ་འགོ་དཔོན་དང་ གཡུས་ཁའི་མི་ཚུ་གིས་ གླངམོ་ཆེ་ཚུ་ …

Leave a Reply

Your email address will not be published. Required fields are marked *