༉ ཁ་ཙ་ བསམ་རྩེ་ཁྲོམ་ཁར་ མི་བརྒྱ་ལས་བཅད་དེ་ འུར་བྱེལ་འཐབ་སར་ མཐོང་གསལ་བྱུང་མི་དེ་ཡང་ མི་སེར་ཚུ་ ད་རེས་ ཚོགས་རྒྱན་བཙུགས་ནི་དང་ ནངས་པར་ ཧིན་དུའི་དུས་སྟོན་ དཱ་སའིན་ བརྩི་སྲུང་འབད་བར་ འོང་ཡོདཔ་ཨིན་པས།
ཁྲོམ་ཁར་གླ་འཁོར་དང་ སྒེར་འཁོར་བོ་ལེ་རོ་ དེ་ལས་ འགྲུལ་སྐྱེལ་བཱསི་ག་རའི་ནང་ མི་ལྟེམ་ལྟེ་གང་ཡོདཔ་ད་ མི་ཚུ་ ཕྱི་རུ་ཚུན་ཚོད་ སྣུམ་འཁོར་འཚོལ་སྡོད་ནུག།
མི་ཚུ་ སྣུམ་འཁོར་བཞག་ས་ལས་ བསམ་རྩེའི་ས་གནས་ ཐདམ་ཐད་ཁ་ལས་ཕར་ འགྱོ་བའི་བསྒང་ཨིནམ་ད་ ཁྲོམ་ཁ་ལུ་ མི་ མང་ཤོས་ར་ རང་སོའི་སྣུམ་འཁོར་ཚུ་ བདའ་སྟེ་འོང་ཡོདཔ་ཨིན་པས།
བཱུན་དི་ལས་ སྐྱེས་ལོ་༥༤ ལང་མི་ སིར་མཱན་ག་ལེ་དེ་ དཱམ་དུམ་ལས་ སྣུམ་འཁོར་ཅིག་ནང་ འཛུལ་འོང་ཡོདཔ་ད་ ཁོ་གིས་ སླབ་མིའི་ནང་ གླ་འཁོར་ག་ར་ འགྲུལ་པ་ཚུ་གིས་ གང་ཡོདཔ་ལས་ ཁོ་ར་ སྣུམ་འཁོར་གཞན་མ་ཐོབ་པར་ དཱམ་དུམ་ཚུན་ རྐང་སྟོང་འབད་དེ་ འོང་ཡི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཁོ་རའི་བུ་དེ་ ཐིམ་ཕུག་ལས་ འོང་དོ་ཡོདཔ་ལས་ ཚོགས་རྒྱན་བཙུགས་པའི་ཤུལ་ལུ་ དཱ་སའིན་དེ་ ཁྱིམ་ནང་བརྩི་སྲུང་འབད་ནི་ཟེར་ཨིནམ་ད་ འགོ་ཐོག་བཙག་འཐུ་སྐབས་ བུ་དེ་ ཐིམ་ཕུག་ལས་ འགྲེམ་ཐོག་རྒྱན་ཤོག་ལྷན་ཐབས་ས་ཁོངས་ནང་ ཚོགས་རྒྱན་བཙུགས་ཡོདཔ་ཨིན་རུང་ ད་རེས་ ཚོགས་རྒྱན་འཕྲུལ་ཆས་ཐོག་ བཙུགས་འོང་ཟེར་ བཤདཔ་ཨིན་པས།
ད་རུང་ སྐྱེས་ལོ་༢༧ ལང་མི་ ཏིར་ཐ་མཱན་རའི་ཡང་ བསམ་རྩེ་ལུ་ ཁོ་རའི་སྲིངམོ་ ལེན་པར་འོང་ཡོདཔ་ད་ ཁོ་གིས་ སླབ་མའི་ནང་ སྲིངམོ་དེ་ ཚོགས་རྒྱན་བཙུགས་ཏེ་ དཱ་སའིན་བརྩི་སྲུང་འབད་ཞིནམ་ལས་ ལོག་འགྱོ་འོང་ཟེར་ཨིན་པས།
བསམ་རྩེ་ཁྲོམ་ཁར་ སྡོད་མི་ཅིག་གིས་ སླབ་མིའི་ནང་ ད་རེས་ མི་སྤུངས་འཛོམས་འབད་དོ་བཟུམ་ཅིག་ ཧེ་མ་ བྱུང་ར་མ་བྱུང་ཟེར་ཨིནམ་ད་ བསམ་རྩེའི་བཙག་འཐུ་འགོ་དཔོན་ ཚེ་རིང་ཕུན་ཚོགས་ཀྱིས་ སླབ་མིའི་ནང་ ད་རེས་ ཚོགས་རྒྱན་བཙུགས་མི་ མངམ་འོང་ནིའི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ བརྒྱ་ཆ་ལས་འབད་བ་ཅིན་༧༠ དང་༨༠ དེ་ཅིག་ ཚོགས་རྒྱན་བཙུགས་པར་ འོང་ནི་གི་ རེ་བ་ཡོད་ཟེར་ཨིནམ་ད་ མི་སེར་ཚུ་གིས་ སྤྱིར་བཏང་བཙག་འཐུ་དེ་ ཁག་ཆེཝ་སྦེ་ བརྩི་ཡོད་མི་དང་ ད་རེས་ དམིགས་བསལ་གྱི་ འདེམས་ཁོངས་ཅིག་ རྒྱལ་ཁ་འཐོབ་དགོ་མི་ དེ་ལས་ འདེམས་ངོའི་རྒྱབ་སྐྱོར་པ་དང་ ཉེ་ཚན་ཚུ་ ཚོགས་རྒྱན་བཙུགས་པར་ འོང་མི་ལུ་བརྟེན་ཏེ་ཨིན་ཟེར་ བཤདཔ་ཨིན་པས།
འགོ་ཐོག་བཙག་འཐུ་སྐབས་ བསམ་རྩེ་རྫོང་ཁག་ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་ཡོངས་བསྡོམས་༤༧,༣༦༠ ཡོད་མི་ལས་༢༨,༥༦༨ ཀྱིས་ ཚོགས་རྒྱན་བཙུགས་ཡོད་མི་དེ་ བརྒྱ་ཆ་༦༠.༣ ཨིནམ་ད་ བསམ་རྩེ་ལུ་ བཙག་འཐུ་དང་འབྲེལ་བའི་ སྟབས་མ་བདེཝ་ག་ནི་ཡང་ མ་འ།ཐོན་ཟེར་ བཙག་འཐུ་འགོ་དཔོན་གྱིས་ བཤདཔ་ཨིན་པས།
བསམ་རྩེ་ལུ་ འདེམས་ཁོངས་༤ ཡོད་མིའི་ནང་ ཚོགས་རྒྱན་ས་ཁོངས་༦༨ ཡོདཔ་ལས་ ཚོགས་རྒྱན་འགོ་དཔོན་༣༦༡ བགོ་བཀྲམ་འབད་ནུག།
ཁ་ཙ་ ཕུན་ཚོགས་དཔལ་རི་-བསམ་རྩེ་འདེམས་ཁོངས་ནང་ འགྲེམ་ཐོག་ཚོགས་རྒྱན་ཁ་ཕྱེ་བའི་སྐབས་ ཚོགས་རྒྱན་ག་ར་ ངོས་ལེན་འབད་ཡོདཔ་ད་ དེ་ཡང་ ངོ་རྐྱང་གི་ ཁ་བྱང་ཐོག་ལུ་བསྐྱལ་མི་ འགྲེམ་ཐོག་ཚོགས་རྒྱན་༣༣༢ དང་ ཚོགས་རྒྱན་རྒྱན་ཤོག་ལྷན་ཐབས་ས་ཁོངས་ནང་བཙུགས་མི་ ཚོགས་རྒྱན་༡,༣༥༠ ག་ར་ ངོས་ལེན་འབད་ཡོདཔ་ཨིན་པས།
རྡོ་ཕུག་ཅན་-རྟ་སྡིངས་འདེམས་ཁོངས་ནང་ འགྲེམ་ཐོག་ཚོགས་རྒྱན་༤༠༡ ལས་༣༩༩ ངོས་ལེན་འབད་ཡོདཔ་ད་ ཚོགས་རྒྱན་༢ ཆ་མེད་གཏང་ཡོདཔ་བཞིན་དུ་ རྒྱན་ཤོག་ལྷན་ཐབས་ས་ཁོངས་ཚུ་ལས་བཙུགས་མི་ ཚོགས་རྒྱན་༡,༧༧༨ ག་ར་ ངོས་ལེན་འབད་ཡོད་པའི་གནས་ཚུལ།
སྐད་སྒྱུར་ ཉིམ་རྡོ་རྗེ།