བསམ་རྩེ་ལུ་ མཐོང་གསལ་བྱུང་མི་ མ་ཧེ་ཚུ།

བསམ་རྩེ་ལུ་ མ་ཧེ་གསོ་སྐྱོང་འཐབ་མི་ མར་ཉམས་འགྱོ་དོ་ཡོདཔ།

ཧེ་མ་འབད་བ་ཅིན་ མ་ཧེ་གསོ་སྐྱོང་འཐབ་པའི་སྐབས་ ཕན་ཐོགས་ལེ་ཤ་ཡོད་མི་ལུ་བརྟེན་ བསམ་རྩེ་ བཀྲིས་ཆོས་གླིང་རྒེད་འོག་ སེངྒེ་སྒང་གི་ མི་སེར་མང་ཤོས་ཅིག་གིས་ གསོ་སྐྱོང་འཐབ་དོ་ཡོདཔ་ཨིན་པས།

མ་ཧེ་ཚུ་གིས་ ཨོམ་མང་སུ་བྱིན་པའི་ཁར་ ཞིང་རྨོ་བཏུབ་མ་ཚད་ གསོ་ནི་ལུ་ཡང་ འཇམ་ཏོང་ཏོ་ཡོད་མི་ལུ་བརྟེན་ མི་སེར་ཚུ་གིས་ གསོ་སྐྱོང་འཐབ་དོ་ཡོདཔ་ཨིན་རུང་ ད་རེས་འབད་བའི་བསྒང་ལས་ གནས་སྟངས་དེ་ སོ་སོར་ཅིག་ཨིན་པས།

དེ་ཡང་ སེངྒེ་སྒང་ལུ་ མ་ཧེ་གསོ་སྐྱོང་འཐབ་མིའི་གྱངས་ཁ་ མར་བབས་འགྱོ་མི་དེ་གིས་ ད་རེས་ནངས་པ་ མ་ཧེ་གི་གྱངས་ཁ་ཡང་ ཉུང་སུ་ཅིག་ལས་མེདཔ་ད་ ད་ལྟོ་བཟུམ་འབད་བ་ཅིན་ སེངྒེ་སྒང་ལུ་ མ་ཧེ་གསོ་སྐྱོང་འཐབ་མི་ བཟའ་ཚང་༥ ལས་བརྒལ་མེདཔ་ཨིན་པས།

ས་གནས་ཀྱི་ མི་ཚུ་གིས་ བཤད་མིའི་ནང་ མི་སེར་མང་ཤོས་ཅིག་གིས་ མ་ཧེ་གསོ་སྐྱོང་འཐབ་ནིའི་ ལམ་སྲོལ་དེ་ བཀོག་བཞག་ད་ཡི་ཟེར་ཨིན་པས།

ད་ལྟོ་ མ་ཧེ་གསོ་སྐྱོང་འཐབ་སྡོད་མི་ རམ་ལཱལ་ མུན་ཌ་ལུ་ མ་ཧེ་༡༣ ཡོདཔ་ཨིན་པས།

ཁོ་གིས་ བཤད་མིའི་ནང་ མ་ཧེ་གསོ་སྐྱོང་འཐབ་མིའི་ གྱངས་ཁ་མར་བབས་སོང་མི་དེ་ཡང་ རྩྭ་བཟའ་སའི་ ས་ཁོངས་མེད་མི་དང་ དུས་རྒྱུན་དུ་ འཚོ་སྡོད་མི་ མེད་པའི་གནད་དོན་ལུ་བརྟེན་ཨིན་ཟེར་ཨིན་པས།

སེངྒེ་སྒང་གི་ཚོགས་པ་ རམ་པར་སཌ་ ཤར་མ་གིས་འབད་བ་ཅིན་ མ་ཧེ་གསོ་སྐྱོང་འཐབ་དགོ་པ་ཅིན་ རྟག་བུ་ར་ ནོར་དང་གཅིག་ཁར་སྡོད་མི་ཅིག་ ངེས་བདེན་དགོ་ཟེར་ཨིན་པས།

དེ་འབདཝ་ད་ ད་རེས་ནངས་པའི་ ན་གཞོན་ཚུ་གིས་ ནོར་འཚོ་ནི་ལུ་ སྤྲོ་བ་བསྐྱེད་མི་བཏུབ་པས་ཟེར་ བཤདཔ་ཨིན་པས།

ཚོགས་པ་གིས་ འབད་བ་ཅིན་ ཨོམ་གྱི་ཐད་ལས་འབད་རུང་ བའི་ཨོམ་ལས་ མ་ཧེ་གི་ཨོམ་དེ་ བཅུད་ཆེ་ཟེར་ཨིནམ་ད་ མ་ཧེ་གསོ་སྐྱོང་འཐབ་ནིའི་ ལམ་སྲོལ་དེ་ ལོག་འགོ་བཙུགས་ནིའི་ ཐབས་ཤེས་ཚུ་ བཏོན་དགོཔ་འདུག་ཟེར་ སླབ་ཨིན་པས།

རམ་ལཱལ་ མུན་ཌ་གིས་ སླབ་མིའི་ནང་ མ་ཧེ་གསོ་སྐྱོང་འཐབ་དགོ་མི་དེ་ཡང་ དེ་བསྒང་ ཁོ་རའི་ཨ་རྒས་ཀྱི་སྐབས་ལས་ར་ གསོ་སྐྱོང་འཐབ་མི་ལུ་བརྟེན་ཨིན་ཟེར་ཨིན་པས།

མ་ཧེ་ཚུ་གིས་ ཨོམ་མངམ་བྱིན་དོ་ཡོདཔ་ལས་ཚད་ མ་ཧེ་ཆ་གཅིག་ ཁྲོམ་ཁར་བཙོང་པ་ཅིན་ དངུལ་ཀྲམ་༡༠༠,༠༠༠ དེ་རེ་ ཐོབ་དོ་ཡོདཔ་ཨིན་རུང་ དེ་བཟུམ་སྦེ་ གླང་ཆ་གཅིག་གིས་ དངུལ་ཀྲམ་༣༠,༠༠༠ དང་༤༠,༠༠༠ དེ་ཅིག་ ཐོབ་ཟེར་ཨིན་པས།

མ་ཧེ་ཚུ་ གཟུགས་སྦོམ་སྦེ་ཡོད་ནི་དེ་གིས་ ཨ་བ་མང་སུ་བཏང་དོ་ཡོདཔ་ལས་ མེ་རླུང་བ་ཡོ་གེསི་ ཐོན་སྐྱེད་འབད་ནི་ལུ་ཡང་ ཕན་ཐོགས་ཡོད་ཟེར་ཨིན་པས།

དཱན་ཡ་ པར་སཱཌ་ ཤར་མ་གིས་ སླབ་མིའི་ནང་ མ་ཧེ་གསོ་སྐྱོང་འཐབ་པ་ཅིན་ མི་སེར་ཚུ་ལུ་ ཁེ་ཕན་སྦོམ་ཡོདཔ་ལས་ གཞུང་གི་ཁ་ཐུག་ལས་འབད་རུང་ མི་སེར་ཚུ་ལུ་ ལོག་སེམས་ཤུགས་བསྐྱེད་བཅུག་དགོཔ་ འདུག་ཟེར་ཨིན་པས།

ད་རེས་ནངས་པར་ མ་ཧེ་ཚུ་ བཀྲིས་ཆོས་གླིང་གཞུང་ལམ་བདའ་ཡོད་མི་ འབྱ་ཞིང་ཚུ་ནང་ འཁྱམས་སྡོད་དོ་ཡོདཔ་ཨིན་རུང་ མ་ཧེ་གི་གྱངས་ཁ་དེ་ ཉུང་སུ་ལས་བརྒལ་ མི་མཐོང་དོ་ཡོདཔ་ཨིན་པའི་གནས་ཚུལ།

ར་ཇིསི་རའི་དང་ ཡེ་ཤེས་སྒྲོལ་མ།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *