༉ བཀྲིས་སྒང་རྫོང་ཁག་གི་འོག་ལས་ར་ རྫོང་ཁག་སྦོམ་ཤོས་གཉིས་པ་ཨིན་མི་ བསམ་རྩེ་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མིའི་དོན་ལུ་ ཟླུམ་སྟོད་རྒེད་འོག་ལས་ སྐྱེས་ལོ་༣༡ ལང་མི་ ཏིར་ཐ་མཱན་རའི་གིས་ འགྲེམ་ཐོག་ཚོགས་རྒྱན་༩༦༦ བརྩིས་ཏེ་ ཚོགས་རྒྱན་བསྡོམས་༦,༢༤༣ ཐོབ་སྟེ་ དོ་འགྲན་དང་ བྲལ་བའི་རྒྱལ་ཁ་ཐོབ་ནུག།
ཏིར་ཐ་མཱན་རའི་གིས་ ཁོ་རའི་གཡུས་ཁ་ལུ་ གཞིས་བཟུང་སྡོད་ནི་ འགོ་མ་བཙུགས་པའི་ཧེ་མར་ ལོ་ངོ་གསུམ་གྱི་རིང་ སློབ་གྲྭའི་སློབ་དཔོན་གྱི་ ལཱ་འབད་སྡོད་ནུག།
ཀུན་གསལ་གྱིས་ ལོག་ཅི་ར་ ཁོ་དང་འཕྱད་ནིའི་ དཔའ་བཅམ་རུང་ འཕྱད་མ་ཚུགས། ཨིན་རུང་ ཁོ་རའི་སྐུལ་བསྒྲགས་དང་འཁྲིལཝ་ད་ ཁྲིམས་དང་སྲིད་བྱུས་ དེ་ལས་ ལས་རིམ་ཚུ་ སྒྲིག་བཀོད་དང་ ལག་ལེན་ བསྐྱར་ཞིབ་ཚུ་ག་ར་ འབྲུག་པའི་མི་སེར་གྱི་ དབང་ཆའི་ཐོག་ འབད་ཚུགསཔ་ངེས་བརྟན་བཟོ་ནི་ཟེར་ཨིན་པས།
ཁོ་དང་ཚོགས་རྒྱན་གྱི་གྱངས་ཁ་ འདྲ་མཉམ་འཚམས་ཅིག་སྦེ་ དོ་འགྲན་བྱུང་མི་ ད་རུང་ སློབ་དཔོན་བགྲེསཔ་ཅིག་ཨིན་མི་ པདྨ་གླིང་རྒེད་འོག་ལས་ ཌི་ཀེ་ག་ལེ་གིས་ འགྲེམ་ཐོག་ཚོགས་རྒྱན་༩༠༢ བརྩིས་ཏེ་ ཚོགས་རྒྱན་བསྡོམས་༤,༨༢༩ ཐོབ་ཡོདཔ་ད་ དེ་གི་འོག་ལས་ར་ ཨྱོན་བླ་མ་གིས་ འགྲེམ་ཐོག་ཚོགས་རྒྱན་༤༧༡ བརྩིས་ཏེ་ ཚོགས་རྒྱན་བསྡོམས་༤,༣༢༤ཐོབ་ནུག།
བསམ་རྩེ་ཁྲོམ་ལས་ ངག་དབང་དངོས་གྲུབ་ཀྱིས་ འགྲེམ་ཐོག་ཚོགས་རྒྱན་༥༧༡ བརྩིས་ཏེ་ ཚོགས་རྒྱན་བསྡོམས་༢,༠༤༥ཐོབ་སྟེ་ ཨང་བཞི་པའི་ནང་ ཚུད་ཡོདཔ་ད་ ཁོ་གི་འོག་ལས་ར་ བསམ་རྩེ་རྒེད་འོག་ལས་ བསམ་གཏན་ལེབ་ཅ་གིས་ འགྲེམ་ཐོག་ཚོགས་རྒྱན་༣༤༢ བརྩིས་ཏེ་ ཚོགས་རྒྱན་བསྡོམས་༡,༨༣༣ཐོབ་སྟེ་ ཨང་ལྔ་པ་ཐོན་ནུག།
དེ་བཟུམ་སྦེ་ གསང་སྔགས་ཆོས་གླིང་རྒེད་འོག་ལས་ བི་རིན་ནཱཐ་བྷ་ཀྲ་རའི་གིས་ འགྲེམ་ཐོག་ཚོགས་རྒྱན་༤༧༠ བརྩིས་ཏེ་ ཚོགས་རྒྱན་བསྡོམས་༡,༨༢༦ཐོབ་ཡོདཔ་ད་ བརྟན་འབྲུག་རྒེད་འོག་ལས་ ཤ་དེའུ་རའི་གིས་ འགྲེམ་ཐོག་ཚོགས་རྒྱན་༢༤༥ བརྩིས་ཏེ་ ཚོགས་རྒྱན་བསྡོམས་༡,༧༥༨ཐོབ་ནུག། དེ་བཟུམ་སྦེ་ རྡོ་ཕུག་ཅན་རྒེད་འོག་ལས་ ཅཱད་ཏཱ་ར་པ་ཏི་ཕུ་ཡུལ་གྱིས་ འགྲེམ་ཐོག་ཚོགས་རྒྱན་༣༧༠ བརྩིས་ཏེ་ ཚོགས་རྒྱན་བསྡོམས་༡,༢༨༩ཐོབ་ནུག།
འོད་གསལ་རྩེ་རྒེད་འོག་ལས་ ན་ར་ཡཱན་དྷ་ཧཱལ་གྱིས་ འགྲེམ་ཐོག་ཚོགས་རྒྱན་༡༠༧ བརྩིས་ཏེ་ ཚོགས་རྒྱན་བསྡོམས་༨༠༠ ཐོབ་མི་དེ་ ཚོགས་རྒྱན་འཕྲུལ་ཆས་དང་ འགྲེམ་ཐོག་གཉིས་ཆ་རའི་ཐད་ དམའ་ཤོས་ཅིག་ཨིན་པས།
བསམ་རྩེ་རྫོང་ཁག་ནང་ ཚོགས་རྒྱན་སྐྱུར་མི་ བརྒྱ་ཆ་༥༣.༣ ཐོན་མི་གིས་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་སྐྱུར་མི་ ཡོངས་བསྡོམས་༤༦,༧༨༡ ཡོད་མི་ལས་༢༤,༩༤༧ གྱིས་ འདེམས་ངོ་༩ འི་དོན་ལུ་ ཚོགས་རྒྱན་བཙུགས་ནུག། གྲངས་རྩིས་དང་འཁྲིལཝ་ད་ ཚོགས་རྒྱན་༢༠,༥༠༣ ཚོགས་རྒྱན་འཕྲུལ་ཆས་དང་ ཚོགས་རྒྱན་༤,༤༤༤ འགྲེམ་ཐོག་བཏང་མི་ཨིན་པས།
རྫོང་ཁག་ནང་ འགྲེམ་ཐོག་ཚོགས་རྒྱན་བསྡོམས་༤,༦༥༩ ལྷོད་མི་ལས་༡༧༧ ཆ་མེད་དང་༣༨ རྩིས་མེད་ཀྱི་གྲངས་སུ་བཞག་ནུག།
འགྲེམ་ཐོག་ཚོགས་རྒྱན་རྩིས་མེད་ཀྱི་གྲངས་སུ་ དར་དཀར་ནང་དང་ གསར་སྤང་གི་དོན་ལུ་བཏང་མི་ འགྲེམ་ཐོག་ཚོགས་རྒྱན་ ཚུད་ ཡོད་མི་ཚུ་ཨིན་པས།
ཚོགས་རྒྱན་སྐྱུར་མི་ལ་ལོ་གིས་ འདེམས་ངོ་གཅིག་ལས་ལྷག་སྟེ་ ཨིན་རྟགས་བཀལ་ཡོདཔ་ད་ ལ་ལོ་གིས་ འདེམས་ངོ་ག་ལུ་ཡང་ ཨིན་རྟགས་མ་བཀལ་བར་ཡོདཔ་ལས་ རྩིས་མེད་ཀྱི་གྲངས་སུ་ ཚུད་སོངཔ་ཨིན་པས། འགྲེམ་ཐོག་ཚོགས་རྒྱན་ཚུ་ཡང་ ལྟ་རྟོགཔ་དང་ འདེམས་ངོ་ཚུའི་གདོང་ཁར་ གྱངས་ཁ་རྐྱབ་སྟེ་ ངོ་སྦྱོར་འབད་ཡི།
བསམ་རྩེ་ཚོགས་རྒྱན་འགོ་དཔོན་ ཚེ་རིང་ཕུན་ཚོགས་ཀྱིས་ ད་རིས་ཀྱི་ བཙག་འཐུ་འདི་ སྟབས་མ་བདེཝ་ ག་ནི་ཡང་མ་ཐོན་པར་ འགོ་འདྲེན་འཐབ་ཚུགས་ཅི་ཟེར་ཨིནམ་ད་ དཀའ་ངལ་ག་ནི་ཡང་མ་ཐོན་པར་ མཐར་འཁྱོལ་ཅན་སྦེ་ འགོ་འདྲེན་འཐབ་ཚུགསཔ་མ་ཚད་ རྒེད་འོག་ག་ཏེ་ལས་ཡང་ དཀའ་ངལ་གྱི་ སྙན་ཞུ་མ་ལྷོད་ཟེར་བཤད་ཅི།
བསམ་རྩེ་ཁྲོམ་ལས་ ཟླ་བ་སྒྲོལམ་གིས་ འདེམས་ངོ་ལྕོགས་གྲུབ་ཅན་ གདམ་ཁ་རྐྱབ་ནི་དེ་ ཁག་ཆེ་དྲགས་ཅིག་འབདཝ་ལས་ བཙག་འཐུ་དེ་ ངེས་བདེན་ཅིག་འབད་ར་ ངོས་ལེན་འབད་ཡོདཔ་མ་ཚད་ ཚོགས་རྒྱན་བསྐྱུར་ནི་ལུ་ སག་ལང་སྟེ་ ཧ་སག་སྦེ་ར་ འོང་ཡི་ཟེར་ བཤདཔ་ཨིན་པས།
བཙགས་འཐུའི་འགོ་དཔོན་ཚུ་གིས་ བཤད་མིའི་ནང་ ས་མཚམས་བདའ་སྟེ་ སྲུང་སྐྱོབ་དམ་དམ་ཡོད་རུང་ བཙགས་འཐུ་དེ་ བར་ཆད་ག་ནི་ཡང་མེད་པར་ འགོ་འདྲེན་འཐབ་ཚུགས་ཅི་ཟེར་ཨིནམ་ད་ བཙག་འཐུ་ལྷན་ཚོགས་ཀྱིས་ བསམ་རྩེ་རྫོང་ཁག་གི་ ཚོགས་རྒྱན་ས་ཁོངས་༦༨ ནང་ ཚོགས་རྒྱན་འགོ་དཔོན་༤༡༠ བཏང་ནུག།
བསམ་རྩེ་རྫོང་ཁག་ནང་ རྒེད་འོག་༡༥ ཡོད་མིའི་ནང་ རྒེད་འོག་དྲུག་ལས་ འདེམས་མ་ཐོན་པའི་ཁར་ གོ་གནས་ཐོག་ཡོད་མི་ སངས་རྒྱས་མཁའ་འགྲོ་གིས་ བཅའ་མར་མ་གཏོགསཔ་ཨིན་པའི་གནས་ཚུལ།
སྐད་སྒྱུར་- ཀརྨ་བསྟན་འཛིན།