༉ བསམ་རྩེ་ལུ་ ཚོགས་རྒྱན་གྱི་གྱངས་ཁ་དང་འཁྲིལཝ་ད་ མི་སེར་དམངས་གཙོ་ཚོགས་པ་དེ་ རྟིང་ཤུལ་ལུས་དོ་བཟུམ་མའི་ མངོན་གསལ་བྱུང་ཡོདཔ་ད་ འབྲུག་མཉམ་རུབ་ཚོགས་པའི་ཤུལ་ལས་ར་ ཨང་༢ པའི་གྲངས་སུ་ཚུད་ཡོདཔ་ལས་ འབྲུག་ཕུན་སུམ་ཚོགས་པ་དེ་ ཨང་༣ པའི་ནང་ལུས་ནུག།
བསམ་རྩེ་རྫོང་ཁག་དེ་ མི་སེར་དམངས་གཙོ་ཚོགས་པ་ལུ་ རྒྱབ་སྐྱོར་སྦོམ་ཡོད་པའི་ རྫོང་ཁག་ཅིག་འབདཝ་ལས་ ཁྱད་པར་སྦོམ་བཟོ་ཚུགས་པའི་ འོས་འབབ་ཡོད་མི་དེ་ཡང་ ཐོ་བཀོད་ཅན་གྱི་ཚོགས་རྒྱན་སྐྱུར་མི་བསྡོམས་༤༧,༣༦༠ ཡོདཔ་ལས་ རྫོང་ཁག་དེ་ ཚོགས་རྒྱན་འཐོབ་སའི་ འབྱུང་ཁུངས་གཙོ་བོ་ཅིག་སྦེ་ གནས་ཡོདཔ་ད་ འབྲུག་མཉམ་རུབ་ཚོགས་པ་དང་ འབྲུག་ཕུན་སུམ་ཚོགས་པ་གཉིས་ ཐོགས་ལུས་དགོཔ་ཅིག་ཨིན་པས།
རྫོང་ཁག་ནང་ འདེམས་ཁོངས་༤ ཡོད་ས་ལས་ འབྲུག་མཉམ་རུབ་ཚོགས་པ་གིས་ འདེམས་ཁོངས་གཉིས་ལས་ རྒྱལ་ཁ་ཐོབ་ཡོདཔ་ད་ འདེམས་ཁོངས་ལྷག་ལུས་གཉིས་ལུ་ མི་སེར་དམངས་གཙོ་ཚོགས་པ་དང་ འབྲུག་ཕུན་སུམ་ཚོགས་པ་གཉིས་ དོ་འགྲན་འབད་སར་མཐོང་ཡོདཔ་ད་ འབྲུག་མཉམ་རུབ་ཚོགས་པ་གིས་ བཀྲིས་ཆོས་གླིང་དང་ ཨྱོན་རྩེ་འདེམས་ཁོངས་གཉིས་ལས་ རྒྱལ་ཁ་ཐོབ་ནུག།
འབྲུག་མཉམ་རུབ་ཚོགས་པ་གིས་ བཀྲིས་ཆོས་གླིང་འདེམས་ཁོངས་ལས་ ཚོགས་རྒྱན་བསྡོམས་༣,༡༧༧ ཐོབ་ནུག། མི་སེར་དམངས་གཙོ་ཚོགས་པ་གིས་ ཧེ་མའི་འདེམས་ངོ་ རི་ཏུ་རཱཇི་ཆེ་ཏི་རི་གི་ཚབ་སྦེ་ འདེམས་ངོ་གསརཔ་ སངས་རྒྱས་མཁའ་འགྲོ་ བཙུགས་ཡོདཔ་ད་ ཁོ་གིས་ ཚོགས་རྒྱན་གྱངས་ཁ་༢,༦༡༠ ཐོབ་སྟེ་ ཨང་གཉིས་པའི་ནང་ཚུད་ཡོདཔ་བཞིན་དུ་ འབྲུག་ཕུན་སུམ་ཚོགས་པ་དང་ འབྲུག་ཀུན་མཉམ་ཚོགས་པ་གིས་ ཚོགས་རྒྱན་གྱངས་ཁ་༡,༡༥༥ དང་༡,༡༤༥ རེ་ཐོབ་ནུག།
འབྲུག་མཉམ་རུབ་ཚོགས་པ་གིས་ ཨྱོན་རྩེ་-འོད་གསལ་རྩེ་ འདེམས་ཁོངས་ལས་ཡང་ རྒྱལ་ཁ་ཐོབ་ཡོདཔ་ལས་ ས་གནས་ཀྱི་མི་སེར་ཚུ་གིས་ མེ་ཏོག་ཚོགས་པ་ཟེར་ འབོ་སྲོལ་ཡོད་མི་ཚོགས་པ་གིས་ འདེམས་ཁོངས་དེ་ནང་ལས་ ཚོགས་རྒྱན་བསྡོམས་༢,༣༧༥ ཐོབ་ནུག།
འདེམས་ཁོངས་དེ་གི་དོན་ལུ་ མི་སེར་དམངས་གཙོ་ཚོགས་པ་གིས་ ཧེ་མའི་འདེམས་ངོ་ མ་ནི་ཀུ་མར་ཤར་མ་གི་ཚབ་ལུ་ མ་ནི་ཀུ་མར་པར་དཱན་ བཙུགས་ཡོད་རུང་ ཚོགས་རྒྱན་གྱངས་ཁ་མཐོ་ཤོས་ འབྲུག་མཉམ་རུབ་ཀྱིས་ཐོབ་ཡོདཔ་ད་ འབྲུག་ཕུན་སུམ་ཚོགས་པ་གིས་ ཚོགས་རྒྱན་བསྡོམས་༡,༡༦༦ དང་ འབྲུག་ཀུན་མཉམ་ཚོགས་པ་གིས་༧༣༩ ཐོབ་ནུག།
རྡོ་ཕུག་ཅན་-རྟ་ལྡིང་འདེམས་ཁོངས་ནང་ ཧེ་མའི་འདེམས་ངོ་ ཋ་ཀུར་སི་པོ་ཌེལ་ ལོག་སྟེ་ར་ འདེམས་ངོ་འབད་ཐོན་མི་གིས་ འབྲུག་ཕུན་སུམ་ཚོགས་པ་ལུ་ ཁ་རྗེ་འབར་ཡོད་པའི་ གསལ་སྟོན་བྱུང་མི་འདི་ཡང་ འབྲུག་མཉམ་རུབ་ཚོགས་པ་དང་ མི་སེར་དམངས་གཙོ་ཚོགས་པ་གཉིས་ ཡོངས་གྲགས་སྦེ་ཡོད་མི་ འདེམས་ཁོངས་ལས་ འབྲུག་ཕུན་སུམ་ཚོགས་པ་ལུ་ དཔྱད་རིག་མེད་པའི་ རྒྱལ་ཁའི་གོ་སྐབས་བྱིན་ནུག།
འདེམས་ཁོངས་དེ་ནང་ལས་ འབྲུག་ཕུན་སུམ་ཚོགས་པ་གིས་ ཚོགས་རྒྱན་བསྡོམས་༢,༦༧༩ ཐོབ་ཡོདཔ་ད་ འབྲུག་མཉམ་རུབ་ཚོགས་པ་གིས་༢,༤༥༣ དང་ མི་སེར་དམངས་གཙོ་ཚོགས་པ་གིས་༡,༦༤༨ དེ་ལས་ འབྲུག་ཀུན་མཉམ་ཚོགས་པ་གིས་༩༥༨ ཐོབ་ནུག།
འབྲུག་མཉམ་རུབ་ཚོགས་པ་གིས་ རྡོ་ཕུག་ཅན་-རྟ་ལྡིང་འདེམས་ཁོངས་ལས་ འགྲེམས་ཐོག་ཚོགས་རྒྱན་གྱངས་ཁ་༧༩༢ཐོབ་མི་དེ་ མཐོ་ཤོས་ཨིནམ་ལས་ ཚོགས་པ་གིས་འགྲེམས་ཐོག་ཚོགས་རྒྱན་ལས་ རྒྱལ་ཁ་ཐོབ་ཡོདཔ་ད་ འབྲུག་ཕུན་སུམ་ཚོགས་པ་གིས་ འགྲེམས་ཐོག་ཚོགས་རྒྱན་༥༡༦ ཐོབ་ཡོདཔ་ཨིན་རུང་ འཕྲུལ་ཆས་ཐོག་གི་ཚོགས་རྒྱན་གྱིས་ འབྲུག་ཕུན་སུམ་ཚོགས་པ་ལུ་ མཐུན་འགྱུར་འབད་ནུག།
འདེམས་ངོ་ཌི་ཨེན་དུང་རྒྱལ་ཡོད་མི་ ཕུན་ཚོགས་དཔལ་རི་-བསམ་རྩེ་འདེམས་ཁོངས་ རྐྱངམ་གཅིག་ལས་ མི་སེར་དམངས་གཙོ་ཚོགས་པ་གིས་ རྒྱལ་ཁ་ཐོབ་ནུག།
འདེམས་ཁོངས་དེ་ནང་ འགྲེམ་ཐོག་ཚོགས་རྒྱན་ལས་ འབྲུག་མཉམ་རུབ་ཚོགས་པ་ རྒྱལ་ཁ་ཐོབ་ཡོདཔ་ད་ འཕྲུལ་ཆས་ཐོག་གི་ཚོགས་རྒྱན་གྱིས་ མི་སེར་དམངས་གཙོ་ཚོགས་པ་ལུ་ ཕན་ཐོགས་བྱུང་ཡོདཔ་ལས་ མཐའ་མཇུག་ལུ་ མི་སེར་དམངས་གཙོ་ཚོགས་པ་གིས་ ཚོགས་རྒྱན་བསྡོམས་༢,༤༦༣ ཐོབ་ནུག།
འབྲུག་མཉམ་རུབ་ཚོགས་པ་གིས་ ཚོགས་རྒྱན་བསྡོམས་༢,༠༤༥ ཐོབ་ཡོདཔ་ད་ འབྲུག་ཀུན་མཉམ་ཚོགས་པ་གིས་ ཚོགས་རྒྱན་བསྡོམས་༡,༠༥༤ ཐོབ་སྟེ་ ཨང་གཉིས་པའི་ནང་ཚུད་ཡོདཔ་ད་ འབྲུག་ཕུན་སུམ་ཚོགས་པ་གིས་ ༩༦༣ ཐོབ་མི་དེ་ སྲིད་ཚོགས་བཞི་ལས་དམའ་ཤོས་ཅིག་ཨིན་པས།
བསམ་རྩེ་ལུ་ ཚོགས་རྒྱན་སྐྱུར་མི་༢༨,༥༦༨ འོང་མི་དེ་གིས་ བརྒྱ་ཆ་༦༠.༣ ཚོགས་རྒྱན་བཙུགས་པར་ འོང་ཡོད་པའི་གསལ་སྟོན་འབད་ཡོདཔ་ད་ རྡོ་ཕུག་ཅན་-རྟ་ལྡིང་དེ་ ཐོ་བཀོད་ཅན་གྱི་ཚོགས་རྒྱན་སྐྱུར་མི་ གྱངས་ཁ་མཐོ་ཤོས་ ཡོད་མི་ཅིག་ཨིན་རུང་ མང་ཤོས་ཅིག་ བཀྲིས་ཆོས་གླིང་འདེམས་ཁོངས་ལུ་ སོང་ཡོདཔ་ལས་ དེ་ནང་ལུ་ ཚོགས་རྒྱན་སྐྱུར་མི་བསྡོམས་༨,༠༨༧ གསལ་སྟོན་བྱུང་ནུག།
རྡོ་ཕུག་ཅན་-རྟ་ལྡིང་འདེམས་ཁོངས་ནང་ ཚོགས་རྒྱན་སྐྱུར་མི་བསྡོམས་༧,༧༣༨ འོང་མི་དེ་ ཚོགས་རྒྱན་བཙུགས་མིའི་གྱངས་ཁ་ མཐོ་ཤོས་གཉིས་པ་ཨིན་པས།
བསམ་རྩེ་ལུ་ ཚོགས་རྒྱན་གྱི་ཉིནམ་དེ་ ཆརཔ་དང་གཅིག་ཁར་ འགོ་བཙུགས་ཡོདཔ་ད་ ཉིན་ཕྱེད་དེ་ཅིག་ལས་ གནམ་གཤིས་ཧིང་སངས་སང་སྦེ་ གྱུར་ཡོད་པའི་གནས་ཚུལ།
སྐད་སྒྱུར་ ཀརྨ་བསྟན་འཛིན།