༉ དུས་ཅི་ ཆརཔ་ཤུགས་སྦེ་རྐྱབ་མི་དེ་གིས་ བསམ་རྩེ་དང་ རྡོ་རོ་ཁ་བར་ནའི་ འཁོར་ལམ་ཀི་ལོ་མི་ཊར་༥༤ དེ་ཅིག་ མེདཔ་བཏང་མི་དེ་གིས་ འཁོར་ལམ་གྱི་གནས་སྟངས་ལུ་ལྟ་སྟེ་ དེད་གཡོགཔ་དང་ རྒྱུན་འགྲུལ་འཐབ་མི་ཚུ་ སེམས་དང་མ་ལྡན་པས།
དེ་ཡང་ རྡོ་རོ་ཁ་ཁ་ཐུག་ ཀི་ལོ་མི་ཊར་༣༠ གི་ས་གནས་ བསམ་རྩེ་ལས་ ཧཱལ་ཧ་ལེ་བར་ནའི་འཁོར་ལམ་དེ་ རྩི་ནག་གཏང་ནིའི་ལཱ་ ཡུན་འགྱངས་ལུས་མི་དང་ རྡོ་ཆུང་ཀུ་དང་ རྡོ་ཚུ་བཏོན་བཞག་མི་དེ་གིས་ སྣུམ་འཁོར་ལེགས་ཤོམ་སྦེ་ བཏང་མ་ཚུགས་པའི་དཀའ་ངལ་འདུག་ཟེར་ཨིནམ་ད་ འཁོར་ལམ་ཁག་༢ དེ་ཅིག་ འཕྱགས་འབག་མི་གིས་ སྣུམ་འཁོར་ཚུ་ ལམ་དོག་དྲགས་ཡོད་མི་ལས་ འགྲོ་འགྲུལ་འབད་དགོ་པས་ཟེར་ཨིན་པས།
བོ་ལི་རོ་གི་དེད་གཡོགཔ་ ཚེ་རིང་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ འཁོར་ལམ་གྱི་གནས་སྟངས་དེ་ ཡར་དྲག་སོང་ཡི་ཟེར་ཨིནམ་ད་ འཕྲལ་ཁམས་ཅིག་ཁར་ འཁོར་ལམ་ཉམས་བཅོས་འབད་ནིའི་ལཱ་ འགོ་བཙུགས་མི་དེ་གིས་ སྣུམ་འཁོར་ཉམས་བཅོས་འབད་ནིའི་ ལཱ་ཡང་ ཉུང་སུ་འགྱོ་བའི་ཁར་ རྒྱུན་འགྲུལ་འཐབ་མི་ཚུ་ལུ་ཡང་ སྟབས་བདེ་ཏོག་ཏོ་འདུག་ཟེར་ཨིན་པས།
བསམ་རྩེ་ ལམ་སེལ་ལས་ཁུངས་ཀྱི་ བཀོད་ཁྱབ་བཟོ་རིག་འགོ་དཔོན་ ཌི་པི་སུ་བཱ་གིས་ སླབ་མིའི་ནང་ འཁོར་ལམ་ཚུ་ ཉམས་བཅོས་འབད་དོ་ཟེར་ བཤད་པའི་ཁར་ འཁོར་ལམ་རྒྱ་སྐྱེད་ཀྱི་ལཱ་དེ་ བདུན་ཕྲག་༢ ཀྱི་ནང་འཁོད་ལུ་ མཇུག་བསྡུ་འོང་ཟེར་ཨིནམ་ད་ ལམ་སེལ་ལས་ཁུངས་ཡིག་ཚང་གིས་ གནམ་བྱཱར་གྱི་དུས་ཚོད་དང་ ལཱ་མང་ནི་དེ་གིས་ ལཱ་འགོ་བཙུགས་མ་ཚུགས་ཟེར་ཨིནམ་ད་ འཁོར་ལམ་རྩི་ནག་གཏང་ནིའི་ལཱ་ཡང་ འགོ་བཙུགས་ཡི་ཟེར་ཨིན་པས།
ཨིན་རུང་ རྡོ་རོ་ཁ་ཐུག་ལས་ གསང་སྒོ་རི་གི་བར་ནའི་འཁོར་ལམ་ ཀི་ལོ་མི་ཊར་༥ ལས་༦ དེ་ཅིག་ ད་ལྟོ་ཡང་ རྩི་ནག་མ་གཏང་པས་ཟེར་ཨིནམ་ད་ སྤྱི་ལོ་༢༠༡༥ ལུ་ འཁོར་ལམ་རྩི་ནག་གཏང་ནིའི་ལཱ་འགོ་བཙུགས་རུང་ ད་ལྟོ་ཡང་ མཇུག་མ་བསྡུ་བར་ཡོདཔ་ད་ རྡོ་རོ་ཁ་གི་ས་གནས་ནང་སྡོད་མི་ཚུ་ འ་ནི་འཁོར་ལམ་དེ་ རྩི་ནག་གཏང་ཚར་ནི་ལུ་ སྒུག་དོ་ཡོདཔ་ཨིན་པས།
ས་གནས་ནང་སྡོད་མི་ཚུ་གིས་ སླབ་མིའི་ནང་ འཁོར་ལམ་རྩི་ནག་གཏང་ནིའི་ལཱ་དེ་ ཡུན་འགྱངས་སྦེ་ར་ ལུས་སོ་ཡི་ཟེར་ཨིན་པའི་ཁར་ འཁོར་ལམ་རྩི་ནག་གཏང་ནིའི་ལཱ་ ཡང་བསྐྱར་དུ་ ཡུན་འགྱང་ལུས་སོ་རུང་ ལཱ་དེ་ ཁག་འབག་དེ་ལུ་ར་ བྱིནམ་མས་ཟེར་ཨིནམ་ད་ དེ་གིས་ཤུལ་ལས་ ག་ཅི་འབད་ཡི་ག་ ཁོང་གིས་མ་ཤེས་ཟེར་ཨིན་པས།
བཀོད་ཁྱབ་བཟོ་རིག་འགོ་དཔོན་གྱིས་ སླབ་མིའི་ནང་ འཁོར་ལམ་རྩི་ནག་གཏང་ནིའི་ལཱ་ ཡུན་འགྱངས་ལུས་མི་དེ་ འཁོར་ལམ་གྱི་འཁོར་ལམ་གནས་སྟངས་བརྟེན་ཏེ་མེད་མི་ལུ་ ཟད་འགྲོ་གཏང་པ་ཅིན་ ཆུད་ཟད་འགྱོ་ནི་ཨིནམ་ལས་ མི་སེར་ཚུ་ལུ་ ཕན་མི་ཐོགས་ནི་མས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ འཁོར་ལམ་དེ་ ཉམས་བཅོས་འབད་བའི་ཤུལ་ལས་རྐྱངམ་གཅིག་ རྩི་ནག་གཏང་འོང་ཟེར་ཨིནམ་ད་ ས་གནས་ལ་ལོ་ཅིག་ནང་ འཁོར་ལམ་རྒྱ་སྐྱེད་འབད་དགོཔ་ཡང་ ཡོད་ཟེར་ཨིན་པས།
ས་གནས་ཡ་བ་ལ་ལུ་ འཁོར་ལམ་གྱི་གནས་སྟངས་དེ་ སྲ་བརྟན་མེདཔ་སྦེ་མཐོང་ནུག་ཟེར་ བཟོ་རིག་འགོ་དཔོན་གཙོ་འཛིན་གྱིས་ བཤད་པའི་ཁར་ ས་གནས་དེ་ཁར་ འཁོར་ལམ་གུ་ རྩི་ནག་མ་གཏང་པར་ ཡོདཔ་ཨིན་པའི་གནས་ཚུལ།
སྐད་སྒྱུར་ གནས་བརྟན་རྡོ་རྗེ།