༉ བསམ་གྲུབ་ལྗོངས་མཁར་ བསམ་རང་རྒེད་འོག་ནང་ བྱ་གསོ་སྐྱོང་འབད་མི་ཚུ་གིས་ རྒེད་འོག་ནང་ སྒོང་རྡོག་རྒྱ་ཆེ་དྲགས་སྦེ་ ཐོན་སྐྱེད་འབད་ཡོད་རུང་ ད་རེས་ནངས་པར་ བྱམོ་ཚུ་ ཨ་ཝ་དཀརཔོ་དང་གཟུགས་ཁར་ རྨ་ཐོན་མི་དེ་གིས་ ཤི་རྐྱེན་བྱུང་དོ་ཡོད་པའི་ དཀའ་ངལ་ཡོདཔ་ཨིན་པས།
དེ་གིས་མ་ཚད་པར་ ཁྲོམ་ཁར་ དོ་འགྲན་དང་ བྱམོ་ཚུ་གི་གཟནམ་ དེ་ལས་ དེ་བཟུམ་མའི་ ནད་གཞི་ཚུ་ལུ་བརྟེན་ མི་ཚུ་ བྱ་གསོ་སྐྱོང་འཐབ་ནི་ལུ་ སྤྲོ་བ་ཞན་དོ་ཡོདཔ་ཨིན་པས།
སྣང་སྲིད་ཐང་ལས་ སྐྱེས་ལོ་༤༡ ལང་མི་ མ་ཎི་རཱཇ་ ལིམ་བུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོ་གིས་ བྱ་གསོ་སྐྱོང་དེ་ དུས་ཅི་ འགོ་བཙུགས་ཡོདཔ་ཨིན་རུང་ འདས་པའི་ཟླཝ་༥ དང་༦ དེ་ཅིག་གི་བར་ན་ བྱམོ་༢༥ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡི་ཟེར་ཨིནམ་ད་ ནད་གཞི་དེ་ ངོས་འཛིན་འབད་མ་ཚུགས་རུང་ ཨ་ཝ་དཀརཔོ་སྦེ་ ཐོན་དོ་ཡོད་པའི་ཁར་ གཟུགས་ཁར་རྨ་ཡང་ ཐོནམ་མས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ རྒེད་འོག་གིས་ བྱ་གསོ་སྐྱོང་འཐབ་མི་རེ་ལུ་ བྱམོ་༥༠ རེ་ རྒེད་འོག་གནང་བྱིན་མ་དངུལ་ཐོག་ལས་ བྱིན་ཡོདཔ་ལས་ སེམས་དགའ་ཡོད་རུང་ ངོས་འཛིན་འབད་མ་ཚུགས་པའི་ ནད་གཞི་ལུ་བརྟེན་ བདུན་ཕྲག་ཨ་རྟག་ར་ བྱམོ་ཚུ་ ཤི་དོ་ཡོད་རུང་ སྒོ་ནོར་ལས་རོགསཔ་ཡིག་ཚང་ནང་ སྨན་མེད་མི་ལུ་བརྟེན་ ཕན་ཐོགས་མིན་འདུག་ཟེར་ཨིནམ་ད་ ད་ལྟོ་ ཁོ་ལུ་ བྱམོ་༢༥ ཡོདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ བསམ་རང་རྒེད་འོག་ནང་ སྒོ་ནོར་འགོ་དཔོན་མེདཔ་ལས་ པདྨ་ཐང་རྒེད་འོག་གི་ སྒོ་ནོར་འགོ་དཔོན་གྱིས་ བལྟ་དོ་ཟེར་ཨིནམ་ད་ འཕྲལ་འཕྲལ་དེ་བཟུམ་མའི་ ནད་གཞི་ཚུ་གི་སྐོར་ལས་ སྙན་ཞུ་འབད་བའི་སྐབས་ དུས་ཚོད་ཁར་ ལྷོད་མི་ཚུགས་དོ་ཡོདཔ་ལས་ གཞུང་གིས་ རྒེད་འོག་ནང་ སྒོ་ནོར་འགོ་དཔོན་༡ གནང་ཚུགས་པ་ཅིན་ སོ་ནམ་པ་དང་ ལྷག་པར་དུ་ བྱ་གསོ་སྐྱོང་འཐབ་མི་ཚུ་ལུ་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིན་པས།
ཆོས་སྡིངས་ལས་ སྐྱེས་ལོ་༥༨ ལང་མི་ རམ་ཅཱན་ད་ར་ པ་ར་དཱན་གྱིས་ སླབ་མིའི་ནང་ ཁོ་གིས་ཡང་ བྱ་གསོ་སྐྱོང་དེ་ དུས་ཅི་ འགོ་བཙུགས་ཡོདཔ་བཞིན་དུ་ བྱམོ་༧ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡོད་རུང་ ད་ལྟོ་ བྱམོ་༤༣ དེ་ཅིག་ ཡོད་མི་ལུ་བརྟེན་ ཟླཝ་༡ ནང་ སྒོང་རྡོག་ཀྲེ་༡༠ དང་༡༢ དེ་རེ་ བཙོང་ཚུགས་དོ་ཡོདཔ་ད་ སྒོང་རྡོག་ཀྲེ་རེ་ལུ་ དངུལ་ཀྲམ་༢༥༠ རེ་སྦེ་ བཙོང་དོ་ཡོདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ རྒེད་འོག་ནང་ སྒོ་ནོར་འགོ་དཔོན་མེདཔ་ལས་ སྨན་རིགས་ཚུ་ དུས་ཚོད་ཁར་ འཐོབ་མ་ཚུགས་པའི་ དཀའ་ངལ་ཡོད་ཟེར་ཨིནམ་ད་ རྒེད་འོག་གིས་ ལྕགས་ཤོག་དང་ བྱམོ་ཚུ་གི་ བཞེས་སྒོའི་བྱིན་ས་ དེ་ལས་ གསོ་སྐྱོང་ཁང་བཟོ་ནིའི་དོན་ལུ་ ཅ་ཆས་གཞན་ཚུ་ བྱིན་ཡོད་རུང་ དུས་ཚོད་ཁར་ སྨན་བཅོས་འབད་མ་ཚུགས་མི་དང་ འཛིན་སྐྱོང་ལེགས་ཤོམ་ མེད་མི་ལུ་བརྟེན་ ཤི་རྐྱེན་གྱི་གྱངས་ཁ་ ཡར་འཕར་འགྱོཝ་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ དཀའ་ངལ་གཅིག་དེ་ སྒོང་རྡོག་ཚུ་གི་ གོང་ཚད་ལེགས་ཤོམ་མེད་མི་དང་ ཀརྨ་ཕིཌ་གི་ གོང་ཚད་ཡར་འཕར་སོང་མི་དེ་ ཨིན་མི་དེ་ཡང་ འདས་པའི་ལོ་ཚུ་ནང་ ཀེ་ཇི་༥༠ འབད་མི་ ཀརྨ་ཕིཌ་ཕད་ཙེ་༡ ལུ་ དངུལ་ཀྲམ་༡,༠༠༠ དེ་ཅིག་ གནས་ཡོད་རུང་ ད་རེས་ནངས་པར་ དངུལ་ཀྲམ་༡,༦༡༠ སྦེ་ པདྨ་ཐང་ལས་ ཉོ་དགོ་པའི་ཁར་ ཕད་ཙེ་༡ གིས་ བདུན་ཕྲག་༡ ཡང་ ལང་མི་ཚུགས་པས་ཟེར་ཨིན་པས།
ཟླཝ་༡༨ ཀྱི་ ནང་འཁོད་ལུ་ བྱམོ་དང་ བྱིའུ་ཅུང་ཚུ་ ག་ནི་ཡང་ བཙོང་མི་ཆོག་ཟེར་ཨིནམ་ད་ ཟླཝ་༡ ནང་ སྒོང་རྡོག་ལུ་བརྟེན་ འོང་འབབ་དངུལ་ཀྲམ་༥,༠༠༠ དེ་ཅིག་ བཟོ་ཚུགས་དོ་ཡོད་རུང་ བྱམོ་ཚུ་གིས་ སྒོང་རྡོག་དེ་ ཁོང་ལུ་ གཟནམ་ག་དེ་སྦེ་ བྱིནམ་ཨིན་ན་ལུ་ རག་ལསཔ་མས་ཟེར་ རམ་ཅཱན་ད་ར་ པ་ར་དཱན་གྱིས་ བཤདཔ་ཨིན་པས།
དེ་བཟུམ་སྦེ་ སྐྱེས་ལོ་༣༥ ལང་མི་ ཊེག་བིར་ ལིམ་བུ་གིས་ བྱ་གསོ་སྐྱོང་དེ་ སྤྱི་ལོ་༢༠༡༦ ཟླ་༦ པའི་ནང་ལས་ འགོ་བཙུགས་ཡོད་རུང་ ད་རེས་ནངས་པར་ བྱམོ་ཚུ་ལུ་ ཤི་རྐྱེན་བྱུང་མི་ལུ་བརྟེན་ བྱམོ་༩ ལས་མེདཔ་ད་ ཁོ་གིས་ སླབ་མིའི་ནང་ གནད་དོན་དེ་ རྒེད་འོག་ནང་ སྙན་ཞུ་འབད་རུང་ ག་གིས་ཡང་ འོང་མ་བཏུབ་ཟེར་ཨིན་པས།
བསམ་རང་རྒཔོ་ ཏ་ར་བིར་ བིསི་ཏ་གིས་ སླབ་མིའི་ནང་ མི་ཚུ་གིས་ སླབ་དོ་བཟུམ་སྦེ་ རྒེད་འོག་ནང་ སྒོ་ནོར་འགོ་དཔོན་མེདཔ་ལས་ པདྨ་ཐང་རྒེད་འོག་གི་ སྒོ་ནོར་འགོ་དཔོན་གྱིས་ བལྟ་དོ་ཟེར་ཨིན་རུང་ སྒོ་ནོར་ལས་ཁུངས་ཀྱི་ ལས་འགུལ་ནང་ཡོད་མི་ འགོ་དཔོན་ཚུ་གིས་ མི་ཚུ་ལུ་ རྒྱབ་སྐྱོར་འབད་དོ་ཡོདཔ་ལས་ དཀའ་ངལ་དེ་ སེལ་ཐབས་འབད་དོ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གནད་དོན་དེ་ རྒེད་འོག་ཚོགས་སྡེ་ནང་ གསུང་གྲོས་གནང་ཞིནམ་ལས་ རྫོང་ཁག་ཚོགས་འདུའི་ནང་ གྲོས་འདེབས་ཕུལ་ནིའི་ འཆར་གཞི་ཡོད་ཟེར་ ཨིན་པའི་གནས་ཚུལ།
བསམ་རང་ལས་ སྐལ་བཟང་དབང་ཕྱུག།