བསམ་རང་རྒེད་འོག་ནང་ གླངམོ་ཆེ་གིས་ ཕོ་སྐྱེས་ཅིག་བསད་ཡོདཔ།

༉ སྤྱི་ཟླ་༡༡ པའི་ཚེས་༩ གི་ དྲོ་པའི་ཆུ་ཚོད་༡ དང་སྐར་མ་༣༠ དེ་ཅིག་ཁར་ བསམ་གྲུབ་ལྗོངས་མཁར་ བསམ་རང་རྒེད་འོག་ནང་ གླངམོ་ཆེ་གིས་ སྐྱེས་ལོ་༦༡ ལང་མི་ ཕོ་སྐྱེས་ཅིག་ བསད་ཡོདཔ་ད་ དེ་ཡང་ ཕོ་སྐྱེས་དེ་གིས་ གླངམོ་ཆེ་ཚུ་ འབྱ་ཞིང་ནང་ འཛུལ་མི་བཅུག་ནིའི་དོན་ལུ་ བདའ་བའི་སྐབས་བྱུང་ཡོདཔ་ཨིན་པས།
བསམ་རང་རྒཔོ་ ཏ་ར་བིར་ བིས་ཏ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཚེ་འདས་ཕོ་སྐྱེས་དེ་ དེ་ཚེ་ དི་བ་ལིའི་དོན་ལུ་ ཉེ་འདབས་ཀྱི་ ཁྱིམ་ཚང་ཅིག་གིས་ འབོ་ནུག་ཟེར་ཨིནམ་ད་ ཁོང་གིས་ གླངམོ་ཆེ་ཚུ་ཡོད་པའི་སྐོར་ལས་ཡང་ སླབ་ནུག་ཟེར་ཨིན་པས།
རྒཔོ་གིས་ སླབ་མིའི་ནང་ ཤེས་རྟོགས་བྱུང་མི་དང་འཁྲིལཝ་ད་ ཚེ་འདས་ཕོ་སྐྱེས་དེ་གིས་ ཁོ་རའི་ འབྱ་ཞིང་གི་ལྟག་ལས་མར་འོང་མི་ གླངམོ་ཆེ་ཚུ་ འབྱ་ཞིང་ནང་ མ་འཛུལ་བའི་ཧེ་མ་ལས་ བདའ་གཏང་ནིའི་དཔའ་བཅམ་ནུག་ཟེར་ཨིནམ་ད་ ཨིན་རུང་ ཏན་ཏན་སྦེ་ སླབ་མི་ཤེས་པས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཚེ་འདས་ཀྱི་ བུ་གིས་ཡང་ ཁོ་གི་ཨ་པ་དེ་ གླངམོ་ཆེ་ཚུ་གིས་ བདའ་འགྱོ་བའི་སྐོར་ལས་ ཤེས་རྟོགས་བྱུང་རུང་ ཚེ་འདས་དེ་ གླངམོ་ཆེ་ཚུ་གིས་ བསད་ཡོདཔ་ཨིན་ན་ ཡང་ཅིན་ ཁོ་གིས་ གླངམོ་ཆེ་ཚུ་ལས་ གཡིབ་སྡོད་ཡོདཔ་ཨིན་ན་ ཤེས་མ་ཚུགས་པས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཚེ་འདས་ཀྱི་བུ་དང་ ཁྱིམ་ཚང་ཚུ་གིས་ འཚོལ་བར་འགྱོ་བའི་སྐབས་ འབྱ་ཞིང་ནང་ མཐོང་ནུག་ཟེར་ཨིནམ་ད་ ཁོ་གི་གཟུགས་ཁར་ རྨ་སྐྱོན་སྦོམ་ ག་ནི་ཡང་མེད་རུང་ གཟུགས་ཀྱི་ནང་ན་ རྨ་སྐྱོན་བྱུང་མི་ལུ་བརྟེན་ གྱོངས་སོང་པའི་དོགས་པ་ཆགསཔ་མས་ཟེར་ཨིན་པས།
ཚེ་འདས་ཀྱི་ཕུངམ་དེ་ དུས་ཨ་རྟག་ར་ གླངམོ་ཆེ་ཚུ་ འགྱོ་སའི་ལམ་ཁར་ལས་ ཐོབ་ནི་དེ་གིས་ གླངམོ་ཆེ་གིས་ བཀོག་བཏང་ཡོད་པའི་ དོགས་པ་ཡོད་ཟེར་ཨིནམ་ད་ བྱུང་རྐྱེན་དེ་གི་སྐོར་ལས་ རྒེད་འོག་བདག་སྐྱོང་གིས་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་སྐྱིད་སྡུག་ཡིག་ཚང་ལུ་ཡང་ སྙན་ཞུ་འབད་ཡོདཔ་ཨིན་པས།
རྒཔོ་གིས་ སླབ་མིའི་ནང་ ཁོང་གིས་ རྒེད་འོག་གི་ སོ་ནམ་པ་ཚུ་གི་ འབྱ་ཞིང་ནང་འཛུལ་མི་ གླངམོ་ཆེ་ཚུ་བདའ་ནི་ལུ་ རྒྱབ་སྐྱོར་འབད་བཞིན་དུ་ཡོད་ཟེར་ཨིནམ་ད་ དེ་ཚེ་ ཚེ་འདས་ཀྱིས་ ག་ནི་ཡང་ མ་སླབ་པར་ ཡར་སོཔ་བཞིན་དུ་ ཁོ་གིས་ ཁྱིམ་ཚང་ལ་སོགས་པ་ཚུ་ལུ་ སླབ་སྟེ་ཡོད་པ་ཅིན་ སྲོག་སྐྱབས་འབད་ཚུགས་ཚུགསཔ་ འོང་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཉི་དྲོད་སོ་ལར་གྱི་ ར་བ་རྐྱབ་མི་དེ་གིས་ ཕན་ཐོགས་བྱུང་ཡོད་རུང་ ད་ལས་ཕར་ གླངམོ་ཆེ་ཚུ་ འཛུལ་མི་བཅུག་ནིའི་དོན་ལུ་ རྒེད་འོག་བདག་སྐྱོང་གིས་ གེ་བོན་ཟེར་མིའི་ རྩིགཔ་རྐྱབ་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།
དུས་ཅི་ བསམ་གྲུབ་ལྗོངས་མཁར་ལུ་ གླངམོ་ཆེ་གིས་ མི་ལུ་ གནོདཔ་བཀལ་མི་དེ་ ཐེངས་༣ པ་ཨིནམ་ད་ སྤྱི་ཟླ་༤ པའི་ནང་ པདྨ་ཐང་རྒེད་འོག་ནང་ ཕོ་སྐྱེས་ཅིག་ བསད་ཡོདཔ་བཞིན་དུ་ ཕུན་ཚོགས་ཐང་རྒེད་འོག་ནང་ཡང་ ཕོ་སྐྱེས་ཅིག་ལུ་ གནོདཔ་བཀལ་ཡོད་རུང་ སྲོག་སྐྱབས་འབད་ཚུགས་ཡོད་པའི་གནས་ཚུལ།

བསམ་གྲུབ་ལྗོངས་མཁར་ལས་ སྐལ་བཟང་དབང་ཕྱུག།

 

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *