༉ བསམ་གྲུབ་ལྗོངས་མཁར་ བསམ་རང་ལུ་ སྒོ་ནོར་དང་འབྲེལ་བའི་ ལས་འགུལ་སྦོམ་ཅིག་ འགོ་བཙུགས་ཡོདཔ་མ་ཚད་ གནད་དོན་དེ་གི་སྐོར་ སྤྱི་ཚོགས་ནང་ རྩོད་འགྲན་བྱུང་མིའི་སྐོར་ སྤྱིར་བཏང་མི་མང་ལུ་ ཤེས་རྟོགས་བྱུང་ཡོད་རུང་ ས་ཁོངས་དེ་ནང་ འགྱོ་བལྟ་བ་ཅིན་ སྒོ་ནོར་གསོ་སྐྱོང་ཁང་ཚུ་ འཚོལ་ཐོབ་པར་ ལཱ་ཁག་ཡོདཔ་ཨིན་པས།
དེ་ཡང་ བསམ་གྲུབ་ཆོས་གླིང་ལས་ ཀི་ལི་མི་ཊར་༢༢ ཀྱི་ ས་ཁར་ཡོད་མི་ བསམ་རང་དེ་ ས་ཐང་རྒྱ་སྦོམ་སྦེ་ཡོད་རུང་ གཞིས་ཆགས་ཀྱི་ ས་ཆ་ལས་ ནགས་ཚལ་ལུ་ གྱུར་ཡོད་པའི་ཁར་ ལས་འགུལ་ཚུ་ཡང་ ཁ་གཏོར་ཏེ་ཡོད་ནི་དེ་གིས་ ས་ཁོངས་དེ་ནང་ འགོ་དང་པ་ འགྱོ་མི་ཚུ་གིས་ སྒོ་ནོར་དང་ བྱ་ ར་ དེ་ལས་ ཉ་གསོ་སྐྱོང་ཁང་ཚུ་ འཇམ་ཏོང་ཏོ་སྦེ་ འཚོལ་ཐོབ་མི་ཚུགས་ནི་ཨིན་པས།
ཨིན་རུང་ བསམ་རང་ལུ་ལྷོདཔ་ད་ ཚལ་མ་བརྫམས་ཏེ་ རྩི་སའི་བཟོ་བཀོད་དག་པ་ཅིག་དང་ ལྕགས་ཤོག་བཀབ་སྟེ་ཡོད་མི་ ཁྱིམ་ཆུང་དག་པ་ཅིག་ མཐོང་གསལ་བྱུང་མི་དེ་ གཞུང་གིས་ སྤྱི་ལོ་༢༠༡༥ ལས་ ས་ཆ་ཨེ་ཀར་༨༠༠ དེ་ཅིག་ནང་ འགོ་བཙུགས་མི་ སྒོ་ནོར་སེམས་ཅན་སོ་སོའི་ གསོ་སྐྱོང་ཁང་ཚུ་ཨིན་པས།
སྒོ་ནོར་ཁང་ཚུ་གི་གྲས་ལས་༡ ཇར་སི་༤༠༠ དེ་ཅིག་ཤོང་མི་ བ་གསོ་སྐྱོང་ཁང་དེ་ཨིནམ་ད་ ད་ལྟོ་ ཨོམ་བཞོ་མི་བ་༣༡ དང་ བོའུ་ཅུང་འཚའ་ནི་ཡོད་མི་༣༦ བ་ཐམ་༢༣ འབདཝ་ད་བསྡོམས་ཀྱིས་ བ་༡༢༣ ཡོདཔ་བཞིན་དུ་ གཞན་ཚུ་བོའུ་ཅུང་ཨིན་པས།
འགོ་དཔོན་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ བ་གསོ་སྐྱོང་ཁང་ནང་ དུས་ཅིའི་ ལོ་མཇུག་བསྡུ་ཁམས་ལས་ བ་ཚུ་མཁོ་སྒྲུབ་འབད་དེ་ བཙུགས་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
བ་གསོ་སྐྱོང་ཁང་ནང་ལས་ ཉིན་བསྟར་བཞིན་དུ་ ཨོམ་ལི་ཊར་༤༠༠ དེ་ཅིག་ ཐོན་སྐྱེད་འབད་མི་ལུ་བརྟེན་ མར་དང་དར་ཚིལ་གྱི་ ཐོན་སྐྱེད་ཚུ་ ཉེ་འདབས་ཀྱི་ ས་གནས་ཚུ་ནང་ བཙོང་དོ་ཡོདཔ་ད་ ད་རེས་ནངས་པར་ ཨོམ་བཟོ་སྦྱོར་འཕྲུལ་ཆས་ གཞི་བཙུགས་འབད་བའི་བསྒང་ཡོདཔ་བཞིན་དུ་ མ་འོངས་པར་ ཨོམ་དམ་སྦྱིས་ནང་བཀང་སྟེ་ བཙོང་ནི་དང་ འགྲོས་ཀྱིས་སྦེ་ ཁྱེགས་ཟས་དང་ ཞོ་ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ བྱ་གསོ་སྐྱོང་གི་དོན་ལུ་ ཁྱིམ་༨ རྐྱབ་ཡོད་མི་ལས་ གསོ་སྐྱོང་ཁང་༡ སྒོང་རྡོག་༣༠,༠༠༠ དེ་ཅིག་ ཤོང་ཚད་ཡོད་པའི་ བྱི་ཅུང་གཏོན་ནིའི་ འཕྲུལ་ཆས་གཞི་བཙུགས་འབད་ནི་ཨིན་པས།
ཨིན་རུང་ བདུན་ཕྲག་རེ་ནང་ སྒོང་རྡོག་༡༠,༠༠༠ དེ་ཅིག་རྐྱངམ་གཅིག་བཙུགས་ཏེ་ བྱི་ཅུང་༧,༠༠༠ གཏོན་ནིའི་ འཆར་གཞི་ཡོད་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
ད་ལྟོ་ གསོ་སྐྱོང་ཁང་དེ་ནང་ བྱ་༡༥,༠༠༠ ཡོད་ས་ལས་ སྒོང་རྡོག་འབུད་མི་༥,༠༧༥ ཡོདཔ་བཞིན་དུ་ གཞན་ཚུ་ བདུན་ཕྲག་༡ དང་༨ ཀྱི་བར་ན་འབད་མི་ བྱི་ཅུང་ཚུ་ཨིན་པས།
ད་རེས་ནངས་པར་ ཉིན་བསྟར་བཞིན་དུ་ སྒོང་རྡོག་༡༥,༧༥༠ དེ་རེ་ བུད་མི་དེ་ ཤར་ཕྱོགས་རྫོང་ཁག་གི་ སློབ་གྲྭ་ཁག་དང་ ཚོང་ཁང་ཚུ་ནང་ བཙོང་དོ་ཡོདཔ་ད་ ད་ཚུན་ བདེ་བ་ཐང་ལས་ བཀྲ་ཤིས་གཡང་རྩེ་ཚུན་ཚོད་ བཀྲམ་སྤེལ་འབདཝ་ཨིན་རུང་ ཤར་ཕྱོགས་རྫོང་ཁག་གཞན་ མོང་སྒར་དང་ ལྷུན་རྩེ་ལུ་ ཁྱབ་མ་ཚུགས་པར་ཡོད་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
ད་རུང་ ར་གསོ་སྐྱོང་ཁང་ཡང་ཡོད་མི་དེ་ནང་ ད་ལྟོ་ ར་༡༣༨ ཡོད་ས་ལས་༣༡ ཨོམ་བཞོ་མི་དང་ གཞན་ཚུ་ ཕོ་དང་ཕྱུག་གུ་ཚུ་ཨིན་པས།
ཉིནམ་རེ་ནང་ ར་གི་ཨོམ་ལི་ཊར་༡༢ དང་༡༣ གྱི་བར་ན་ ཐོན་སྐྱེད་འབད་མི་ལས་ ཨོམ་དཀྱོགས་ཏེ་ དར་ཚིལ་སྒོར་༡༠ དང་༡༢ ཀྱི་བར་ན་དང་ མར་ག་རམ་༢༥༠ དེ་ཅིག་ ཐོན་སྐྱེད་འབད་མི་ཚུ་ ཉེ་འདབས་ཀྱི་ ས་གནས་ཚུ་ནང་ བཙོང་དོ་ཡོདཔ་ད་ ཤུལ་ལས་ དར་ཚིལ་རྐྱངམ་གཅིག་བཟོ་སྟེ་ ལྟ་བཤལ་ཟ་ཁང་ཚུ་ནང་ བཙོང་ནིའི་འཆར་གཞི་ཡོདཔ་ཨིན་པས།
དེ་ལས་ ལོ་རེ་ནང་ མེ་ཊིག་ཊཱོན་༤༠ དང་༥༠ གི་བར་ན་ ཐོན་སྐྱེད་འབད་ནི་གི་ དམིགས་གཏད་ཡོད་མི་ ཉ་གསོ་སྐྱོང་གི་ ཆུ་རྫིང་༣༢ རྐྱབ་སྟེ་འདུག།
ཕགཔ་དང་ མ་ཧེ་གསོ་སྐྱོང་ཁང་ལ་སོགས་པ་ཚུ་ གཞི་བཙུགས་ནི་གི་ འཆར་གཞི་ཡོད་རུང་ གཞི་བཙུགས་འབད་མ་ཚུགས་པར་ཡོདཔ་ད་ ད་ལྟོ་ གཞི་བཙུགས་འབད་ཚར་མི་ གསོ་སྐྱོང་ཁང་ཚུ་ རྩ་བརྟན་འགྱོ་ཞིནམ་ལས་རྐྱངམ་གཅིག་ གསོ་སྐྱོང་ཁང་གཞན་ཚུ་ གཞི་བཙུགས་འབད་ཚུགས་ནི་མས་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
མ་གཞི་ བསམ་རང་ལུ་ སེམས་ཅན་སྲོག་གཅོད་ཁང་ གཞི་བཙུགས་འབད་ནིའི་ ལོ་རྒྱུས་ཡོདཔ་ལས་ ཁ་བཏང་པའི་ གཞི་གནད་ཅིག་ལུ་ གྱུར་ཡོད་རུང་ འགོ་དཔོན་ཚུ་གིས་འབད་བ་ཅིན་ དེ་བཟུམ་མའི་ འཆར་གཞི་མེད་ཟེར་ཨིན་པས།
བསམ་རང་ལས་འགུལ་ཆེ་བའི་ ཡོངས་ཁྱབ་འཛིན་སྐྱོང་པ་ ཚེ་དབང་དཔལ་འབྱོར་གྱིས་ སླབ་མིའི་ནང་ གསོ་སྐྱོང་ཁང་ཚུ་ལུ་ དོ་འགྲན་སྦོམ་ཤོས་ར་ རི་དྭགས་སེམས་ཅན་ གླངམོ་ཆེ་དང་ རི་གླང་ཚུ་ལས་ བྱུངམ་མས་ཟེར་ཨིནམ་ད་ གླངམོ་ཆེ་ཚུ་གིས་ ཕྱིའི་ལྕགས་སྐུད་ར་བ་དང་ གསོ་སྐྱོང་ཁང་གི་ཁྱིམ་ཚུ་ མེདཔ་བཏངམ་མ་ཚད་ རི་གླང་ཚུ་གིས་ ནོར་བ་དང་ ར་གི་དོན་ལུ་བཙུགས་མི་ རྩྭ་ཟ་བར་ཐོནམ་ཟེར་ཨིན་པས།
དོ་འགྲན་གཞན་དེ་ ས་གནས་དེ་ཁར་ རྒྱུན་ལམ་དང་ གློག་མེའི་དཀའ་ངལ་ལུ་བརྟེན་ སློབ་རིམ་༡༠ པ་དང་༡༢ ལས་ མཐར་འཁྱོལ་མི་ གསོ་སྐྱོང་ཁང་གི་ ལས་རོགསཔ་ཚུ་ ཐོན་འགྱོ་མི་དེ་ཨིན་ཟེར་ ཚེ་དབང་དཔལ་འབྱོར་གྱིས་ བཤདཔ་ཨིན་པས།
ད་ལྟོ་ ཁྱིམ་གུང་པ་༣༡ ཡོད་མི་ བསམ་རང་རྒེད་འོག་དེ་ རྒྱལ་ཁབ་ནང་ རྒེད་འོག་ཆུང་ཤོས་ཅིག་ ཨིན་རུང་ དུས་ཅི་ སྤྱི་ཟླ་༡ པ་ལས་ ལག་ལེན་འཐབ་ནི་ འགོ་བཙུགས་མི་ གསོ་སྐྱོང་ལས་འགུལ་སྦོམ་དེ་ གཞི་བཙུགས་འབད་བའི་ཤུལ་ལུ་ ཧེ་མ་ གཡུས་ཚན་བཤོལ་བཞག་སྟེ་ ས་གནས་གཞན་ཁར་ གནས་སྤོ་སོང་མི་ གྲོང་མི་རེ་གཉིས་་ ལོག་འོང་སྟེ་ ཁྱིམ་རྐྱབ་ནི་ འགོ་བཙུགས་ནུག།
བསམ་གྲུབ་ལྗོངས་ཁར་ཁྲོམ་ཁ་ལས་ བསམ་རང་ལུ་འགྱོཝ་ད་ སྣུམ་འཁོར་ཆུང་བ་ཚུ་གིས་ བདེ་བ་ཐང་ལས་ བསམ་གྲུབ་ཆོས་གླིང་དྲུང་ཁག་བརྒྱུད་དེ་ དུས་ཡུན་ཆུ་ཚོད་༣ ལྷགཔ་ཅིག་ འགོར་དོ་ཡོདཔ་ཨིན་རུང་ རྒྱ་གར་གྱི་ ས་མཚམས་བརྒྱུད་དེ་ འགྲོ་འགྲུལ་འབད་བ་ཅིན་ དུས་ཡུན་ཆུན་ཚོད་༢ དེ་ཅིག་ནང་ ལྷོད་ཚུགས་ཨིན་པའི་གནས་ཚུལ།
བསམ་རང་ལས་ ཚེ་རིང་རྣམ་རྒྱལ།