རྒཔོ་གསརཔ་སྦེ་ བཙག་འཐུ་གྲུབ་མི་ འཇམ་དབྱངས་(མིག་ཤེལ་བཙུགས་མི་) དང་ དོ་འགྲན་འབད་མི་ བསོད་ནམས་བཟང་པོ།

བསམ་མཁར་རྒེད་འོག་གི་ རྒཔོ་གསརཔ་ བཙག་འཐུ་གྲུབ་ཡོདཔ།

༉ བཀྲིས་སྒང་ པཱམ་གཡུས་ཚན་ལས་ ཚོགས་རྒྱན་བསྡོམས་བརྒྱ་ཆ་༧༤.༢༥ ཐོབ་མི་ འཇམ་དབྱངས་དེ་ བཀྲིས་སྒང་རྫོང་ཁག་ བསམ་མཁར་རྒེད་འོག་གི་ རྒཔོ་གསརཔ་སྦེ་ བཙག་འཐུ་གྲུབ་ཡོདཔ་ཨིན་པས།
ཁ་ཙ་ འགོ་འདྲེན་འཐབ་མི་ དུས་མིན་བཙག་འཐུ་ནང་ སྐྱེས་ལོ་༣༡ ལང་མི་ འཇམ་དབྱངས་ཀྱིས་ ཚོགས་རྒྱན་བཙུགས་མི་༡,༦༨༢ ལས་ ཚོགས་རྒྱན་༡,༢༤༩ ཐོབ་ཡོདཔ་ད་ སྦིས་མཁར་སྤྱི་འོག་ལས་ཨིན་མི་ ཁོ་གི་བྱང་ཕྱད་ བསོད་ནམས་བཟང་པོ་གིས་ ཚོགས་རྒྱན་༤༣༣ ལས་བརྒལ་ ཐོབ་མ་ཚུགས་པས།
འཇམ་དབྱངས་ཀྱིས་ འགྲེམ་ཐོག་ཚོགས་རྒྱན་༥༩༦ ཐོབ་ཡོདཔ་ད་ བསོད་ནམས་བཟང་པོ་གིས་ འགྲེམ་ཐོག་ཚོགས་རྒྱན་༢༥༡ ལས་མ་ཐོབ་པའི་ཁར་ འཇམ་དབྱངས་ཀྱིས་ སྤྱི་འོག་༦ གི་ ཚོགས་རྒྱན་ས་ཁོངས་ག་རའི་ནང་ལས་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།
བསམ་མཁར་རྒེད་འོག་གིས་ འདས་པའི་ལོ་ངོ་༢༠ འི་རིང་ པཱམ་སྤྱི་འོག་ལས་ རྒཔོ་གདམ་འཐུ་འབད་མི་དེ་ འགོ་དང་པ་ཨིནམ་ད་ རྒཔོ་གསརཔ་གིས་ སླབ་མིའི་ནང་ ཁོ་གིས་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་སྐབས་ དོ་འགྲན་འབད་ཡོདཔ་ལས་ མི་ཚུ་གིས་ ཁོ་གི་སྐོར་ལས་ ལེགས་ཤོམ་སྦེ་ ཤེས་ནི་དེ་གིས་ རྒྱལ་ཁབ་འཐོབ་ཚུགས་པའི་ རེ་བ་བསྐྱེད་ཡི་ཟེར་ ཨིན་པས།
འཇམ་དབྱངས་ཀྱིས་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་སྐབས་ བསམ་མཁར་རྒེད་འོག་ལས་ གཞན་མི་འདེམས་ངོ་༦ དང་གཅིག་ཁར་ དོ་འགྲན་འབད་ཡོདཔ་ཨིན་པས།
མི་ཚུ་གིས་ ང་ལུ་ བློ་གཏད་ཐོག་ལས་ རྒྱབ་སྐྱོར་འབད་ཡོདཔ་ལས་ ཕྱག་ཞུ་ནི་ལུ་ གྲ་སྒྲིག་ཡོད་ཟེར་ ཁོ་གིས་བཤད་པའི་ཁར་ ཁོ་གིས་ འགྲེམ་ཐོག་ཚོགས་རྒྱན་ཐོག་ལས་ རྒྱབ་སྐྱོར་འབད་མི་ཚུ་ གཡུས་ཁར་སྡོད་ནི་མེད་རུང་ གོང་འཕེལ་གྱི་ལས་སྣ་ཚུ་ ག་ཅི་ར་ འབད་དགོཔ་འཐོན་རུང་ ག་ར་དང་གཅིག་ཁར་ འབྲེལ་འཐབ་སྟེ་ འབད་འོང་ཟེར་བཤད་ཅི།
བསོད་ནམས་བཟང་པོ་གིས་ མི་ཚུ་ལས་ རྒྱབ་སྐྱོར་དེ་བ་དྲགཔ་ཅིག་ འཐོབ་ཚུགས་པའི་ རེ་བ་བསྐྱེད་ཅི་ཟེར་ བཤད་པའི་ཁར་ འཇམ་དབྱངས་ཁོ་ར་ ཚོགས་སྡེའི་དོན་ལུ་ བཅའ་མར་གཏོགས་ནི་དེ་གིས་ ཁེ་ཕན་བྱུང་ཡོད་རུང་ ཚོགས་རྒྱན་ས་ཁོངས་ལ་ལོ་ཅིག་ནང་ རྒྱབ་སྐྱོར་འཐོབ་ནིའི་ རེ་བ་ཡོད་རུང་ མ་འཐོབ་པས་ཟེར་བཤད་ཅི།
སྐྱེས་ལོ་༣༧ ལང་མི་གིས་ བཤད་མིའི་ནང་ མ་འོངས་པའི་ནང་ ན་གཞོན་ཚུ་ལུ་ སྤྲོ་བ་བསྐྱེད་བཅུག་ཐབས་ལུ་ ལོག་དོ་འགྲན་འབད་འོང་ཟེར་ཨིན་པའི་ཁར་ འདེམས་ངོ་༢ ཆ་ར་ལུ་ མཐོ་རིམ་སློབ་གྲྭའི་ ཤེས་ཚད་ཡོདཔ་ཨིན་པས།
དུས་མིན་བཙག་འཐུ་སྐབས་ ཚོགས་རྒྱན་བཙུགས་མི་༡,༦༨༢ འོང་མི་དེ་ བརྒྱ་ཆ་༤༤.༡༥ གི་རྩིས་ཨིནམ་ལས་ རྟགས་མཚན་ལེགས་ཤོམ་ཅིག་ཨིན་མས་ཟེར་ བཙག་འཐུ་འགོ་དཔོན་ཚུ་གིས་ བཤད་ཅི།
དུས་མིན་བཙག་འཐུ་དེ་ སྤྱི་ཟླ་༩ པའི་ནང་ རྒེད་འོག་གི་རྒཔོ་ གྱོངས་སོ་པའི་ཤུལ་ལས་ འགོ་འདྲེན་འཐབ་ཡོད་པའི་གནས་ཚུལ།

ཡོན་ཏན་དང་ བཀྲིས་བསྟན་འཛིན།

 

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *