༉ ཀྲོང་གསར་དང་ གཞལམ་སྒང་བར་ནའི་ གཞུང་ལམ་གྱི་ས་གནས་ བསམ་ཆོས་གླིང་ལས་ ཁ་ཡར་ལྟ་སྟེ་ བསམ་ཆོས་གླིང་ སློབ་གྲྭ་ལྟེ་བ་ནང་ འགྱོ་བའི་སྐབས་ རྒྱ་གར་གྱི་མངའ་སྡེ་ ཨ་སམ་དང་ ནུབ་བེང་གཱལ་གྱི་ ཇ་ཤིང་ལྡུམ་ར་ཚུ་གི་ ཉེ་འདབས་ལས་ཕར་འགྱོ་བའི་ ཉམས་སྣང་ཅིག་ཤརཝ་མས།
དེ་ཡང་ ས་ཁོངས་དེ་གི་ ལམ་གྱི་གཡས་གཡོན་ལུ་ ཇ་ཤིང་ཚུ་ ག་ནི་བ་ མཛེས་ཏོག་ཏོ་སྦེ་ སྐྱེས་སར་མཐོང་གསལ་བྱུངམ་ཨིན་པས།
བསམ་ཆོས་གླིང་དེ་ བྲག་སྟེང་རྒེད་འོག་ནང་ཨིནམ་ད་ སྔོ་ཇ་དེ་ གཡུས་ཚན་དེ་ནང་ ལོ་ངོ་དག་པ་ཅིག་གི་ཧེ་མར་ འཛུགས་སྐྱོང་འབད་ནི་ འགོ་བཙུགས་ཞིནམ་ལས་ཚུར་ ཡོངས་གྲགས་ཅན་ཅིག་ལུ་ གྱུར་ཏེ་ཡོདཔ་ལས་ མི་སེར་ཚུ་གི་དོན་ལུ་ འོང་འབབ་ཀྱི་ འབྱུང་ཁུངས་གཙོ་བོ་ཅིག་ཨིན་པས།
བསམ་ཆོས་གླིང་ལས་ སྐྱེས་ལོ་༤༦ ལང་མི་ སེངྒེ་བཟང་མོ་གིས་ སླབ་མིའི་ནང་ མོ་གིས་ ས་ཆ་ཨེ་ཀར་༡ འབད་མིའི་ནང་ ལོ་ངོ་༧ གྱི་ཧེ་མ་ལས་ འཛུགས་སྐྱོང་འབད་ཡོད་མི་ ཇ་དེ་གིས་ འོང་འབབ་ལེགས་ཤོམ་བཟོ་ཚུགས་ཏེ་ཡོད་ཟེར་ཨིན་པས།
སེངྒེ་དབང་མོ་གིས་འབད་བ་ཅིན་ ཁྱིམ་ནང་ མི་སྟོབས་མེད་པ་ཅིན་ ལས་མི་འཚོལ་དགོཔ་ཡང་ ཐོན་དོ་ཡོདཔ་ལས་ དེ་དང་བསྟུན་པའི་ ཟད་འགྲོ་ཚུ་ཡང་ བཏང་དགོཔ་ཐོནམ་མས་ཟེར་ཨིནམ་ད་ ལོ་བསྟར་བཞིན་དུ་ ཟད་འགྲོ་ཚུ་བཏོག་བཞག་སྟེ་ འོང་འབབ་དངུལ་ཀྲམ་༤༠,༠༠༠ དེ་རེ་ ཐོབ་ཚུགས་པས་ཟེར་ སླབ་ཨིན་པས།
ཟད་འགྲོ་སྦོམ་ གནས་མི་དེ་ཡང་ ཇ་ཤིང་གི་ ཞིང་དེ་ཚུ་ ལོ་རེ་ནང་ ཚར་༥ དེ་རེ་ བརྐོ་དགོ་ནི་དེ་གིས་ཨིན་ཟེར་ སེངྒེ་དབང་མོ་གིས་ སླབ་ཨིན་པས།
སྔོ་ཇ་བཟོ་ནིའི་དོན་ལུ་ ཇ་གི་ལྕུག་གུ་ཚུ་ གནམ་བྱཱར་ལུ་ བཏོག་དོ་ཡོདཔ་ད་ གནམ་དགུན་ལུ་འབད་བ་ཅིན་ འདབ་མ་དང་ ཞལ་ལག་ལེགས་ཤོམ་མེད་མི་ཚུ་ བཏོག་བཀོཝ་མ་ཚད་ འདབ་མ་སྦོམ་ཚུ་ བཟང་ཇ་བཟོ་ནིའི་དོན་ལུ་ ལག་ལེན་འཐབ་ཨིན་པས།
མོ་གིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ བཟའ་ཚང་ནང་ ཏི་རུའི་དཀའ་ངལ་འབྱུང་ནི་ཡོད་རུང་ ད་རེས་ དངུལ་གྱི་འོང་འབབ་ ཡོད་ནི་དེ་གིས་ ཨ་ལོ་ཚུ་ སློབ་གྲྭ་ནང་ གཏང་ནི་ལུ་ཡང་ ཕན་ཐོགས་སྦོམ་སྦེ་ར་ བྱུང་སྟེ་ཡོད་ཟེར་ཨིན་པས།
ཇ་འཛུགས་སྐྱོང་འབད་མི་ གཞན་ཅིག་གིས་ སླབ་མིའི་ནང་ ལོ་ཐོག་གཞན་ཚུ་ རི་དྭགས་སེམས་ཅན་ཚུ་གིས་ གནོདཔ་བཀལ་དོ་ཡོདཔ་ཨིན་རུང་ ཇ་ཤིང་ཚུ་ལུ་ གནོདཔ་བཀལ་མི་མེདཔ་ལས་ སྟབས་བདེ་ཏོག་ཏོ་འདུག་ཟེར་ཨིན་པས།
སྐྱེས་ལོ་༣༦ ལང་མི་ ཉི་མ་ལྷ་མོ་དེ་ སྤྱི་ལོ་༢༠༠༡ ལུ་ ཇ་འགོ་དང་པ་ འཛུགས་སྐྱོང་འབད་མི་ཅིག་ཨིནམ་ད་ དལྟོ་ཡང་ ཇ་འཕྲོ་མཐུད་དེ་ར་ འཛུགས་སྐྱོང་འབད་བཞིན་དུ་ཡོད་ཟེར་ མོ་གིས་ བཤདཔ་ཨིན་པས།
དེ་མ་ཚད་ མོ་གིས་ སྔོ་ཇ་བཟོ་ནིའི་སྐོར་ལས་ཡང་ སྦྱོང་བརྡར་འབད་ཡོདཔ་ད་ སྤྱི་ལོ་༢༠༠༦ ཚུན་ རྫོང་ཁག་གིས་ཡང་ རྒྱབ་སྐྱོར་འབད་ཐོག་ལས་ ཇ་ཤིང་གི་ལྕངམ་ཚུ་ མི་སེར་ཚུ་ལུ་ བགོ་བཀྲམ་འབད་ཡི་ཟེར་ བཤདཔ་ཨིན་པས།
ད་རེས་ སྡེ་ཚན་དེ་གི་དོན་ལུ་ ཀོ་རི་ཡའི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ གཞུང་ལམ་གྱི་རྩ་བར་ སྒྲིང་ཁྱིམ་སྦོམ་ཅིག་རྐྱབ་སྟེ་ སྔོ་ཇ་བཟོ་སའི་ས་ཁོངས་ གཞི་བཙུགས་འབད་དེ་འདུག།
སྐྱེས་ལོ་༧༣ ལང་མི་ ཀརྨ་གིས་འབད་བ་ཅིན་ ཇ་འཛུགས་སྐྱོང་ལུ་བརྟེན་ ཁྱིམ་ཚང་ཚུ་གིས་ འོང་འབབ་ལེགས་ཤོམ་ བཟོ་ས་མཐོངམ་ལས་ མོ་གིས་ཡང་ ལོ་༣ གྱི་ཧེ་མར་ ས་ཆ་ཨེ་ཀར་༡ གི་ནང་ ཇ་འཛུགས་སྐྱོང་འབད་ནི་ འགོ་བཙུགས་ཡོདཔ་ད་ ད་རེས་ མོ་གིས་ ཇའི་ལྕུག་གུ་བཙོང་སྟེ་ ལོ་བསྟར་བཞིན་དུ་ འོང་འབབ་ལེགས་ཤོམ་སྦེ་ བཟོ་ཚུགས་དོ་ཡོདཔ་ཨིན་པས།
མི་སེར་ཚུ་གིས་ རང་སོའི་ཇ་ཤིང་གི་ ལྕུག་གུ་ཚུ་ བཏོག་ཐོག་ལས་ ཐོན་སྐྱེད་འབད་སའི་ ཁང་མིག་ནང་ འབག་འོང་སྟེ་ རང་ར་སོ་སོ་གིས་ སྔོ་ཇ་ཚུ་བཟོ་ཐོག་ལས་ སྒམ་རྐྱབ་ཞིནམ་ལས་ ཚོང་འབྲེལ་འཐབ་ཨིན་པས།
དེ་བཟུམ་སྦེ་ སྔོ་ཇ་བཟོ་ཁང་དེ་ནང་ ཇ་བསྐོལ་ཏེ་བཙོང་སའི་ ཟ་ཁང་ཅིག་ཡང་ཡོདཔ་ད་ ཟ་ཁང་དེ་ ཧེ་མ་ དཔེ་ཆ་ལྷབ་ཡོད་མི་ ཁྲི་འཛིན་དང་ དྲུང་ཆེན་ དེ་ལས་ རྩིས་འཛིན་པ་གསུམ་གྱིས་ ལོ་རེ་བསྐོར་རྒྱབ་ཐོག་ལས་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།
འཐུས་མི་ཚུ་གིས་ སླབ་མིའི་ནང་ བསམ་ཆོས་གླིང་གི་ སྔོ་ཇ་ཚུ་ འབྲུག་ལུ་ རྐྱངམ་གཅིག་མེན་པར་ ཕྱིའི་རྒྱལ་ཁབ་ཚུ་ནང་ཡང་ ཕྱིར་ཚོང་འཐབ་ནི་ཡོད་ཟེར་ཨིན་པས།
སྔོ་ཇ་བཟོ་ཁང་དེ་ཡང་ བསམ་ཆོས་གླིང་བཟང་ཇ་ཚོང་ལས་སྡེ་ཚན་ཟེར་མི་དེ་གིས་ སྤྱི་ལོ་༢༠༡༢ ལས་ འཛིན་སྐྱོང་འཐབ་ནི་ འགོ་བཙུགས་ཡོད་པའི་གནས་ཚུལ།
བསམ་ཆོས་གླིང་ལས་ ཉི་མ་དབང་འདུས།