བསམ་གྲུབ་ལྗོངས་མཁར་གྱི་ གཡུས་ཚན་ཚུ།

བསམ་གྲུབ་ལྗོངས་མཁར་ལུ་ གུང་སྟོང་ཐོན་པའི་གནད་དོན།

༉ བསམ་གྲུབ་ལྗོངས་མཁར་ལུ་ གུང་སྟོང་གི་གནད་དོན་དེ་ མང་ཤོས་ར་ ཞི་གཡོགཔ་དང་ རྨགཔ་དང་གནས་ཚང་ ཡང་ཅིན་ ཨ་ལོ་ཚུ་དང་གཅིག་ཁར་ སྡོད་མི་ཚུ་ལུ་བརྟེན་ བྱུང་དོ་ཡོདཔ་ཨིན་པས།

དེ་ཡང་ རྫོང་ཁག་བདག་སྐྱོང་གིས་ བསྡུ་ལེན་འབད་མི་ སྙན་ཞུ་དང་འཁྲིལཝ་ད་ རྫོང་ཁག་ནང་ བརྒྱ་ཆ་༢༡.༥ ཞི་གཡོགཔ་དང་ བརྒྱ་ཆ་༤.༢ ཚོང་འབྲེལ་འཐབ་མི་ བརྒྱ་ཆ་༨.༧ དྲག་པོའི་དམག་མི་ བརྒྱ་ཆ་༡.༡ ལས་འཛིན་ཚུ་ནང་ལཱ་འབད་མི་ བརྒྱ་ཆ་༢.༣ གཞན་ཁར་གཞི་ཆགས་མི་ བརྒྱ་ཆ་༧.༢ སྒེར་སྡེའི་ནང་ལཱ་འབད་མི་ བརྒྱ་ཆ་༡༠.༢ གནད་དོན་གཞན་དང་ བརྒྱ་ཆ་༤༤.༢ རྨགཔ་དང་གནས་ཚང་དང་ ཡང་ཅིན་ ཨ་ལོ་ཚུ་དང་གཅིག་ཁར་ སྡོད་མི་ཚུ་ཨིན་པས།

རྫོང་ཁག་ནང་ གུང་སྟོང་༢༧༦ དེ་ཅིག་ ཡོད་མིའི་གྲས་ལས་ ལའུ་རི་རྒེད་འོག་ནང་ གུང་སྟོང་༩༨ ཡོད་མི་དེ་ མཐོ་ཤོས་དང་ བསམ་རང་ལུ་ གུང་སྟོང་ཕུད་རྡོག་གཅིག་ཡང་མེདཔ་ད་ སྒོམ་དར་རྒེད་འོག་ནང་ གུང་སྟོང་༧༣ དང་ གླང་ཅན་ཕུག་ལུ་༣༧ བདེ་བ་ཐང་དང་ ཕུན་ཚོགས་ཐང་རྒེད་འོག་༢ ནང་ གུང་སྟོང་༣ རེ་དང་ མར་ཚ་ལ་དང་ ཝང་ཕུག་རྒེད་འོག་༢ ནང་ གུང་སྟོང་༦ རེ་ཡོདཔ་བཞིན་དུ་ ཨོ་རོང་ལུ་༡༢ པདྨ་ཐང་རྒེད་འོག་ནང་༡༠ དང་ གསེར་ཐིག་རྒེད་འོག་ནང་ གུང་སྟོང་༢༨ ཡོདཔ་ཨིན་པས།

བསམ་གྲུབ་ལྗོངས་མཁར་རྫོང་རབ་ པདྨ་རྡོ་རྗེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ རྫོང་ཁག་ནང་ གུང་སྟོང་མང་ཤོས་ར་ སྤྱི་ལོ་༢༠༡༢ ལས་ ཐོན་ཡོདཔ་བཞིན་དུ་ སོ་ནམ་ཞིང་ལམ་དང་ གློག་མེ་མཐུད་སྦྲེལ་ལ་སོགས་པའི་ མཐུན་རྐྱེན་དང་ ཞབས་ཏོག་ཚུ་ སྤྲོད་ཡོད་རུང་ མི་ཚུ་གིས་ གཞན་ཁར་འགྱོ་མི་དེ་ མཐུན་རྐྱེན་ཚུ་མེད་མི་ལུ་བརྟེན་ མེན་མས་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ལའུ་རི་རྒེད་འོག་དེ་ སྤྱི་ལོ་༢༠༡༦ ལུ་རྐྱངམ་གཅིག་ འཁོར་ལམ་མཐུད་སྦྲེལ་འབད་ཡོདཔ་ལས་ འཁོར་ལམ་དང་ གློག་མེ་ལ་སོགས་པའི་ མཐུན་རྐྱེན་དང་ ཞབས་ཏོག་ཚུ་མེད་མི་ལུ་བརྟེན་ མི་ཚུ་གཞན་ཁར་འགྱོ་འགྱོཝ་ འོང་སྲིད་ནི་མས་ཟེར་ཨིན་པས།

དེ་བཟུམ་སྦེ་ རྒེད་འོག་དེ་ནང་ གུང་སྟོང་མཐོ་ཤོས་ཡོད་མི་དེ་ མི་མང་ཤོས་ར་ སྒོམ་ཆེན་དང་ མཚམས་པ་ཚུ་ཨིནམ་ལས་ ཁོང་ཆ་ཁྱབ་ ཁྱིམ་སྟོངམ་སྦེ་ བཞག་ཞིནམ་ལས་ མཚམས་བཅད་སྡོད་དོ་ཡོད་མི་ལུ་བརྟེན་ འོང་ནི་མས་ཟེར་ རྫོང་རབ་ཀྱིས་ བཤདཔ་ཨིན་པས།

རྫོང་རབ་ཀྱིས་ སླབ་མིའི་ནང་ ད་རེས་ རྫོང་ཁག་ནང་ ཀི་ལོ་མི་ཊར་༦༡༤.༥༥ དེ་ཅིག་གི་ ཁྱབ་ཡོད་པའི་ སོ་ནམ་ཞིང་ལམ་ཡོད་པའི་ཁར་ ལཱ་འབད་བཏུབ་པའི་ ཞིང་ཆུའི་གཡུར་བ་༨༡ དེ་ཅིག་ཡོདཔ་མ་ཚད་ གློག་མེའི་མཐུད་སྦྲེལ་ཡང་ བརྒྱ་ཆ་༡༠༠ སྦེ་ ཡོད་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ རྫོང་ཁག་གིས་ རྒེད་འོག་ཚུ་ནང་ སོ་ནམ་ཞིང་ལཱ་དང་འབྲེལ་བའི་ ལས་རིམ་སྣ་ཚོགས་ འགོ་འདྲེན་འཐབ་ཅི་ཟེར་ཨིན་རུང་ མི་ཚུ་གིས་ གོ་སྐབས་ལེགས་ཤོམ་ཚུ་ལུ་ བལྟ་དོ་ཡོད་མི་ལུ་བརྟེན་ གུང་སྟོང་གི་ གནད་དོན་དེ་ དེ་སྦེ་ར་ གནས་འོང་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ རྫོང་ཁག་དང་ རྒེད་འོག་ཚུ་གིས་ ཤུལ་མའི་འཆར་གཞི་ནང་ སོ་ནམ་ཞིང་ལམ་ལ་སོགས་པའི་ མཐུན་རྐྱེན་ཚུ་ ཉམས་བཅོས་འབད་དེ་ ཡར་དྲག་གཏང་ནི་ཨིནམ་བཞིན་དུ་ རྒེད་འོག་ཚུ་གིས་ ཕམ་ཚུ་དང་ གྲོས་བསྟུན་འབད་ཞིནམ་ལས་ ལཱ་གཡོག་མེད་མི་ ཁོང་གི་ཨ་ལོ་ཚུ་ ལོག་གཡུས་ཁར་ འོང་དགོཔ་སྦེ་ སླབ་ནི་ཟེར་ཨིན་རུང་ གཞུང་གིས་ཡང་ བར་འཛུལ་འཐབ་སྟེ་ ཁོང་ལུ་ རྒྱབ་སྐྱོར་འབད་ནི་ཟེར་ཨིན་པས།

གུང་སྟོང་ཐོན་མི་དེ་ གཅིག་ལས་འབད་བ་ཅིན་ གོང་འཕེལ་འགྱོ་བའི་རྟགས་མཚན་དང་ གཅིག་ལས་འབད་བ་ཅིན་ གོང་འཕེལ་འདྲ་མཉམ་མ་འགྱོ་བའི་ རྟགས་མཚན་སྟོནམ་ཨིནམ་བཞིན་དུ་ མ་འོངས་པ་ལུ་ གུང་སྟོང་གི་གནད་དོན་དེ་ བསལ་དགོཔ་པ་ཅིན་ སྤྱི་འོག་གི་གནས་ཚད་ནང་ སེ་ཊ་ལ་འེཌ་ཁྲོམ་རེ་ དགོཔ་འདུག་ཟེར་ རྫོང་རབ་ཀྱིས་ བཤདཔ་ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། བསམ་གྲུབ་ལྗོངས་མཁར།

About admin

Check Also

རྒྱུ་དངོས་གསལ་སྟོན་འབད་ནིའི་ དུས་ཚོད་ཕར་འགྱངས་འབད་དགོ་པའི་ཞུ་བ།

༉ རྒྱལ་ཁབ་ཀྱི་ཁྲིམས་དང་ ལམ་ལུགས་ཚུ་དང་འཁྲིལ་ ལོ་བསྟར་བཞིན་དུ་ རྒྱུ་ནོར་ལ་སོགས་པའི་རིགས་ ག་ཅི་ར་ ཉོ་སྒྲུབ་འབད་ཡོདཔ་ཨིན་ན་དང་ སྤྱི་གཡོགཔ་གི་ མིང་ཐོ་ཁར་ རྒྱུ་དངོས་འཆང་ཡོད་མི་ཚུ་ གསལ་སྟོན་འབད་དགོཔ་དེ་ ཁག་ཆེ་ཤོས་ཅིག་ཨིནམ་ ང་བཅས་ག་ར་གིས་ མ་ཤེསཔ་མེད་ཟེར་ཞུ་ནི། སྤྱི་ཟླ་༦ …

Leave a Reply

Your email address will not be published. Required fields are marked *