བསམ་གྲུབ་ལྗོངས་མཁར་ལུ་ རང་ལུགས་ཀྱི་ཁྱིམ་ཅིག་ མེ་རྐྱེན་གྱིས་ འཚིགས་ཡོདཔ།

༉ སྤྱི་ཟླ་༩ པའི་ཚེས་༡༢ ཀྱི་ ནུབ་མོའི་ཆུ་ཚོད་༨ དེ་ཅིག་ཁར་ བསམ་གྲུབ་ལྗོངས་མཁར་ལུ་ རང་ལུགས་ཀྱི་ཁྱིམ་ཐོག་ཚད་༡ འབད་མི་ཅིག་ མེ་གིས་ རྩ་བ་ལས་ འཚིགས་ཡོད་མི་ལུ་བརྟེན་ ཉམས་རྒུདཔ་བཟའ་ཚང་ཅིག་ལུ་ སྡོད་ཁྱིམ་མེད་པར་ ལུས་ཡོདཔ་ཨིན་པས།

དེ་ཡང་ ཇོ་མོ་གཙང་ཁ་དྲུང་ཁག་ གསེར་ཐིག་རྒེད་འོག་ སྨན་སྦྱིས་འུང་གཡུས་ཚན་ནང་ བྱུང་ཡོདཔ་བཞིན་དུ་ མེ་རྐྱེན་ནང་ དངུལ་རྐྱང་དངུལ་ཀྲམ་༡༠,༠༠༠ དང་ དངུལ་ཀྲམ་༡༠༠,༠༠༠ དེ་ཅིག་གནས་པའི་ རྒྱུ་དངོས་ཚུ་ འཚིགས་ཡོདཔ་ཨིན་པས།

གནས་ཚུལ་འབྱུང་ཁུངས་ཚུ་དང་འཁྲིལ་བ་ཅིན་ ལྟོ་འབད་ནིའི་ཅ་ཆས་ ར་འེསི་ཀུ་ཀར་གྱི་ཐགཔ་དེ་ སོ་ཀེཌ་ནང་ལས་ བཏོན་པའི་སྐབས་ མེ་ཟིམ་ཐོན་ཡོདཔ་བཞིན་དུ་ མེ་རྐྱེན་དེ་ཡང་ གློག་མེ་ལུ་བརྟེན་ བྱུང་ཡོད་པའི་དོགས་པ་ཡོད་ཟེར་ཨིནམ་ད་ མེའི་ཚེ་སྲོག་ལུ་ གནོད་སྐྱེན་ཚུ་ ག་ནི་ཡང་ མ་བྱུངམ་ཨིན་པས། 

གནས་ཚུལ་ཤེས་རྟོགས་བྱུང་མི་ཚུ་གིས་ སླབ་མིའི་ནང་ སོ་ཀེཌ་དེ་ མེ་རླུང་རྒྱ་རྫི་གི་ སྦོ་ལོགས་ཁར་ཡོདཔ་ལས་ མེ་ཟིམ་དེ་ རྒྱ་རྫི་གུ་ཕོག་མི་ལུ་བརྟེན་ མེ་ཤུགས་སྦེ་འབར་ཡི་ཟེར་ཨིནམ་ད་ ཉམས་རྒུདཔ་དེ་གིས་ གནད་དོན་དེ་གི་སྐོར་ལས་ ནུབ་མོའི་ཆུ་ཚོད་༩ དེ་ཅིག་ཁར་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་ད་ དེ་བསྒང་ལས་ ཁྱིམ་དེ་ འཚིགས་ཚར་ནུག་ཟེར་ཨིན་པས།

ཁོང་གིས་འབད་བ་ཅིན་ ས་གནས་ཀྱི་མི་ཚུ་གིས་ མེ་བསད་ནི་ལུ་ རྒྱབ་སྐྱོར་འབད་ཡི་ཟེར་ཨིནམ་ད་ ཁྲིམས་སྲུང་འགག་པ་དང་ འབྲེད་ཡོད་དབང་འཛིན་ཚུ་གིས་ འཇོ་མོ་གཙང་ཁ་ཁྲིམས་སྲུང་འགག་སྡེའི་ ཡིག་ཚང་ལུ་ མེ་བསད་སྣུམ་འཁོར་དང་ སྦྱོང་བརྡར་འབད་མི་ མེ་བསད་འགོ་དཔོན་ཚུ་ གཏང་པ་ཅིན་ དེ་བཟུམ་མའི་ བྱུང་རྐྱེན་སྐབས་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིན་པས།

བསམ་གྲུབ་ལྗོངས་མཁར་ ལུང་ཕྱོགས་འབྲུག་རྒྱལ་གཞུང་ཉེན་བཅོལ་ལས་འཛིན་གྱི་ འཛིན་སྐྱོང་པ་ བསོད་ནམས་དོན་གྲུབ་ཀྱིས་ སླབ་མིའི་ནང་ ཁྱིམ་དེ་ རྩ་བ་ལས་ར་ མེ་གིས་འཚིགས་ཡོདཔ་ལས་ དབྱེ་ཞིབ་འབད་བར་ ས་ཁོངས་ནང་ འགྱོ་མ་ཚུགས་ཟེར་ཨིན་པས།

ཉམས་རྒུདཔ་གིས་ ཁྱིམ་དེ་ དབྱེ་རིམ་༤ པའི་འོག་ལུ་ ཉེན་བཅོལ་འབད་ཡོདཔ་ལས་ ཁ་ཙ་ ཡིག་ཚང་གིས་ རྒེད་འོག་བདག་སྐྱོང་གིས་ སྙན་ཞུ་འབད་མི་དེ་ལུ་ གཞི་བཞག་ཐོག་ ཉེན་བཅོལ་གྱི་ཐོབ་ལམ་ཚུ་ སྤྲོད་ཅི་ཟེར་ ཁོ་གིས་ བཤད་ཡོད་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། བསམ་གྲུབ་ལྗོངས་མཁར།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *