༉ བསམ་གྲུབ་ལྗོངས་མཁར་ལུ་ ཞིབ་འཚོལ་འབད་མི་ སྙན་ཞུ་དང་འཁྲིལཝ་ད་ ཨ་ལོ་རྨས་སྐྱེས་ཚུ་ ཤི་མིའི་རྒྱུ་རྐྱེན་གཙོ་བོ་ར་ ཟླཝ་མ་ཚངམ་ལས་སྐྱེས་ནི་དང་ ལྗིད་ཚད་ལངམ་སྦེ་མེད་ནི་དེ་གིས་ཨིན་པའི་ མངོན་གསལ་བྱུང་ནུག།
ཞིབ་འཚོལ་དང་འཁྲིལཝ་ད་ ཟླཝ་མ་ཚངམ་ལས་སྐྱེས་མི་དང་ ལྗིད་ཚད་ལངམ་མེད་མི་ ཨ་ལོ་ཚུ་ལུ་ ཤི་རྐྱེན་འབྱུང་ནིའི་ཉེན་ཁ་དེ་ཡང་ གཞན་ཨ་ལོ་ཚུ་དང་ཕྱདཔ་ད་ ཚར་༥.༩ དང་༤.༡ གིས་ ཉེན་ཁ་ཐེབས་འདུག་ཟེར་བཀོད་ནུག།
ཨ་ལོའི་ཨའི་ཚུ་ ཨ་ལོ་སྐྱེས་བའི་སྐབས་དང་ སྐྱེས་ཚར་བའི་ཤུལ་ལས་ སྨན་བཅོས་ཞབས་ཏོག་ཐོབ་མི་ཚུ་ ཤི་རྐྱེན་འབྱུང་ནིའི་ཉེན་ཁ་ ཉུང་སུ་ཡོདཔ་སྦེ་ མཐོང་ནུག།
བསམ་གྲུབ་ལྗོངས་མཁར་ རྫོང་ཁག་སྨན་ཁང་གི་ ཟས་བཅུད་རིག་པ་ ཧ་རི་ པར་སཱད་ པོག་རེལ་གྱིས་ འདས་པའི་ཟླཝ་ནང་ གསོ་བ་དང་སྨན་བཅོས་ཚན་རིག་ཞལ་འཛོམས་སྐབས་ གསལ་བཤད་འབད་མི་དང་འཁྲིལཝ་ད་ ཨ་ལོ་རྨས་སྐྱེས་ཤི་རྐྱེན་བྱུང་མི་དེ་གིས་ མི་རློབས་ཀྱི་གཟུགས་ཁམས་འཕྲོད་བསྟེན་སྐོར་ལས་ བརྡ་མཚོན་སྟོནམ་ཨིན་ཟེར་ བཤད་ཡོདཔ་ཨིན་པས།
ཨ་ལོ་ཤི་རྐྱེན་བྱུང་བའི་ རྒྱུ་མཚན་ག་ཅི་ཨིན་ན་ ཧ་གོ་ནིའི་དོན་ལུ་ དུས་ཅི་སྤྱི་ཟླ་༥ པའི་ནང་ རྫོང་ཁག་ནང་འཁོད་ཀྱི་ མི་རློབས་གནས་སྟངས་ཚད་བཟུང་སྟེ་ བརྟག་ཞིབ་ཅིག་ འགོ་འདྲེན་འཐབ་ཅི་ཟེར་ཨིན་པས།
ཞིབ་འཚོལ་འབད་བའི་སྐབས་ སྤྱི་ལོ་༢༠༡༥ ལས་ དུས་ཅི་སྤྱི་ཟླ་༤ པ་ཚུན་གྱི་བར་ན་ ཨ་ལོ་རྨས་སྐྱེས་ཤི་རྐྱེན་བྱུང་མིའི་ ཨའི་༧༩ དང་ དུས་ཚོད་དེ་གི་ ནང་འཁོད་ལུ་སྐྱེས་མི་ ཨ་ལོ་མ་ཤི་བར་ཡོད་མི་ ཨའི་༡༥༨ དང་གཅིག་ཁར་ འབྲེལ་བ་འཐབ་ཡོདཔ་ཨིན་པས།
ཞིབ་འཚོལ་དེ་གི་དོན་ལས་ སྤྱི་ལོ་༢༠༡༤ ལུ་ རྒྱལ་ཡོངས་ཁྱིམ་གྱི་གྲངས་རྩིས་ འགོ་འདྲེན་འཐབ་པའི་སྐབས་ བསམ་གྲུབ་ལྗོངས་མཁར་ལུ་ ཐོ་བཀོད་འབད་མི་ ཨའི་ཚུ་དང་གཅིག་ཁར་ འབྲེལ་བ་འཐབ་ཡོདཔ་ཨིན་པས།
གནས་སྡུད་ཚུ་ཡང་ མི་རེ་རེ་བཞིན་དུ་དང་གཅིག་ཁར་ དྲི་བཀོད་འབད་མི་དང་ ཨ་ལོའི་གསོ་བའི་འཕྲོད་བསྟེན་དང་ ཨ་ལོའི་ཐོ་བཀོད་འབད་ཡོད་མི་ཚུ་ བསྐྱར་ཞིབ་ཐོག་ འབད་ཡོདཔ་ཨིན་པས།
ཞིབ་འཚོལ་དང་འཁྲིལཝ་ད་ ཨ་ལོ་བརྒྱ་ཆ་༢༦.༦ ཁྱིམ་ནང་ཤི་ཡོདཔ་ད་ བརྒྱ་ཆ་༢༥.༣ སྨན་ཁང་ནང་ཤི་ཡོདཔ་བཞིན་དུ་ བརྒྱ་ཆ༢༢.༨ སྨན་ཁང་གི་ ནདཔ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ནང་ ཤི་རྐྱེན་བྱུང་ཡོདཔ་སྦེ་ མངོན་གསལ་བྱུང་ནུག།
ཧ་རི་པར་སཱད་ པོག་རེལ་གྱིས་འབད་བ་ཅིན་ ཞིབ་འཚོལ་གྱི་སྙན་ཞུ་དང་འཁྲིལཝ་ད་ མི་སྡེ་གིས་ གསོ་བའི་ཞབས་ཏོག་ཚུ་ དུས་ཚོད་ཁར་ མ་ལེན་པའི་རྟགས་མཚན་བཟུམ་སྦེ་ མཐོང་ཅི་ཟེར་ཨིན་པས།
ཁོ་གིས་ བཤད་མིའི་ནང་ ཨ་ལོའི་ལོ་ཚད་ལས་བཅད་པ་ཅིན་ ཤི་རྐྱེན་བྱུང་མི་༣ དཔྱ་༢ སྐྱེས་ཚར་བའི་ཤུལ་ལས་ བྱུང་ཡོད་པའི་ཁར་ ཕྱེད་ཀ་དེ་ཅིག་ རང་གི་ཁྱིམ་ནང་དང་ ནདཔ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ནང་ ཤི་རྐྱེན་བྱུང་ནུག་ཟེར་ཨིན་པས།
ཨ་ལོ་བརྒྱ་ཆ་༦༥.༨ དེ་ཅིག་ལུ་ ཤི་རྐྱེན་བྱུང་མི་ཚུ་ སྐྱེས་ཚར་ཏེ་ཞག་གྲངས་༢༨ དེ་ཅིག་ལངམ་ད་ ཤི་སོ་པའི་ཁར་ བརྒྱ་ཆ་༡༩ དེ་ཅིག་ སྐྱེས་ཏེ་དུས་ཡུན་ཆུ་ཚོད་༢༤ གི་ནང་འཁོད་ལུ་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།
བརྒྱ་ཆ་༨.༩ དེ་ཅིག་ སྐྱེས་ཏེ་ཞག་གྲངས་༧ དེ་ཅིག་ལངམ་ད་ ཤི་ཡོད་པའི་ཁར་ བརྒྱ་ཆ་༦.༣ དེ་ཅིག་ བདུན་ཕྲག་༡ ལང་མི་དང་ ཞག་གྲངས་༢༨ མ་ལང་པའི་ཧེ་མར་ ཤི་ཡོདཔ་ཨིན་པས།
ཞིབ་འཚོལ་ཐོག་ལས་ རྫོང་ཁག་ནང་ འབྲེལ་བ་ཡོད་པའི་ལས་སྡེ་ཚུ་གི་བར་ན་ ཨ་ལོ་སྐྱེས་ཚར་བའི་ཤུལ་ལུ་ གསོ་བའི་ཞབས་ཏོག་ཚུ་ མཉམ་རུབ་ཐོག་ལས་བྱིན་དགོ་པའི་ རྒྱབ་སྣོན་འབད་ཡོད་པའི་གནས་ཚུལ།
རྣམ་རྒྱལ་དབང་མོ།