བསམ་གྲུབ་ལྗོངས་མཁར་གྱི་ སྣུམ་འཁོར་བཅོ་ཁང་ཚུ།

བསམ་གྲུབ་ལྗོངས་མཁར་ལུ་ སྣུམ་འཁོར་བཅོ་ཁང་ཚུ་ སྤོ་བཤུད་འབད་ནིའི་ལཱ་འབད་དོ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ལུ་ སྣུམ་འཁོར་བཅོ་ཁང་༧ ཡོད་མིའི་གྲས་ལས་ བཅོ་ཁང་༢ ཁྲོམ་སྡེའི་ནང་འཁོད་ས་ཁོངས་འཆར་གཞི་དང་འཁྲིལ་ སྤོ་བཤུད་མ་འབད་བར་ ཡོདཔ་ཨིན་པས།ཁྲོམ་སྡེ་གིས་ སྣུམ་འཁོར་བཅོ་ཁང་དང་ ནང་ཆས་བཟོ་ཁང་ བཟོ་སྐྲུན་གྱི་ ཅ་ཆས་བཀྲམ་སྤེལ་ཁང་ དེ་ལས་ སྣུམ་འཁོར་འཁྱུ་ཁང་ལ་སོགས་པ་ཚུ་གི་དོན་ལུ་ ས་ཁོངས་གསརཔ་དེ་ ཧེ་མ་བཟོ་གྲྭ་ས་ཁོངས་ཟེར་མི་དེ་ ཞབས་ཏོག་ལྟེ་བའི་ ས་ཁོངས་སྦེ་ ངོས་འཛིན་འབད་ཡོདཔ་ཨིན་པས།སྤྱི་ལོ་༢༠༡༥ དང་༢༠༡༦ ལུ་ སྣུམ་འཁོར་བཅོ་ཁང་༢ ཀྱིས་ ས་ཁོངས་གསརཔ་ནང་ སྤོ་བཤུད་འབད་དགོ་པའི་ ཁྱབ་བསྒྲགས་འབད་ཡོདཔ་ད་ བཅོ་ཁང་༢ ལུ་ ས་ཁོངས་གསརཔ་ནང་ སྤོ་བཤུད་འབད་ནིའི་དོན་ལུ་ ལོ་༢ བྱིན་ཡོདཔ་ཨིན་པས།བསམ་གྲུབ་ལྗོངས་མཁར་ཁྲོམ་དཔོན་ ཀརྨ་ཤེས་རབ་སྟོབས་རྒྱས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཁྱབ་བསྒྲགས་ནང་ ལོ་༢ ཀྱི་ནང་འཁོད་ལུ་ སྤོ་བཤུད་འབད་མ་ཚུགས་པ་ཅིན་ ས་ཁོངས་བགོ་བཀྲམ་འབད་མི་དེ་ ཆ་མེད་གཏང་ནི་སྦེ་ ཁ་གསལ་བཀོད་དེ་ཡོད་རུང་ འཕྲལ་འཕྲལ་ཇོ་བདག་༢ ལུ་ དཀའ་ངལ་གཞན་ཅིག་ཡོདཔ་ལས་ ལོག་ཆ་གནས་འབད་དགོཔ་ ཐོན་མི་ལུ་བརྟེན་ ད་ལས་ཕར་ ལོ་༡ གི་ནང་འཁོད་ལུ་ ས་ཁོངས་གསརཔ་ནང་ སྤོ་བཤུད་འབད་དགོ་ཟེར་ཨིན་པས།ཁྲོམ་སྡེའི་ས་ཆ་ཐོ་བཀོད་འགོ་དཔོན་ རྣམ་རྒྱལ་དབང་འདུས་ཀྱིས་ སླབ་མིའི་ནང་ བཅོ་ཁང་༢ ལུ་ ས་ཆ་ཐེབས་དང་ ཉེ་འདབས་ཀྱི་ བཅོ་ཁང་ཅིག་གི་ ཇོ་བདག་དང་གཅིག་ཁར་ ཉོགས་འཛིང་ཡོད་མི་དེ་ ད་རེས་ སེལ་ཐབས་འབད་ཡོད་མི་ལུ་བརྟེན་ ས་ཁོངས་གསརཔ་ནང་ སྤོ་བཤུད་འབད་ནིའི་དོན་ལུ་ ཁྲོམ་སྡེ་གིས་ དུས་ཚོད་༡ ཁ་སྐོང་བྱིན་ཏེ་ ཡོད་ཟེར་ཨིན་པས།ཁྲོམ་སྡེ་གིས་ ད་རུང་ བཅོ་ཁང་ལུ་ དུས་ཚོད་གསརཔ་བྱིན་མིའི་ནང་འཁོད་ལུ་ ས་ཁོངས་གསརཔ་ནང་ སྤོ་བཤུད་འབད་དགོ་པའི་ ཁྱབ་བསྒྲགས་འབད་ཡོདཔ་ཨིན་པས།ཁྲོམ་དཔོན་ཀརྨ་ཤེས་རབ་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ ཁོང་གིས་ སྤོ་བཤུད་མ་འབད་བ་ཅིན་ ཉེས་བྱ་བཀལ་ནི་ཨིནམ་མ་ཚད་ ཁྲིམས་མཐུན་གྱི་ ཉེས་ཁྲིམས་ཡང་ བཀལ་ནི་ཟེར་སླབ་མི་ལུ་བརྟེན་ ཁོང་གིས་ ཁས་བླངས་འབད་དེ་ ཡོད་ཟེར་ཨིནམ་ད་ བཅོ་ཁང་ལ་ལོ་ཅིག་ སྤོ་བཤུད་འབད་དེ་ ཞབས་ཏོག་ཚུ་ཡང་བྱིན་ནི་ འགོ་བཙུགས་ཅི་ཟེར་ཨིན་པས།ཁྲོམ་སྡེ་གིས་ སྣུམ་འཁོར་བཅོ་ཁང་ཚུ་ སྤོ་བཤུད་འབད་བཅུག་ནིའི་འཆར་གཞི་དེ་ བསམ་གྲུབ་ལྗོངས་མཁར་ལུ་ སྡོད་མི་ཚུ་ལུ་ སྟབས་བདེ་ནིའི་དོན་ལས་ ས་ཁོངས་༡ ནང་ལས་ ཞབས་ཏོག་ཚུ་ བྱིན་ཚུགས་ཐབས་ལུ་ཨིན་པས།ཀརྨ་ཤེས་རབ་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ སྣུམ་འཁོར་བཅོ་ཁོང་ཚུ་ སྡོད་ཁྱིམ་གྱི་ས་ཁོངས་ནང་དང་ ལ་ལོ་ཅིག་ སྒེར་སའི་ནང་ སྡོད་མི་ལུ་བརྟེན་ སྤོ་བཤུད་འབད་དགོཔ་དེ་ ཁག་ཆེཝ་སྦེ་ སྡོད་ཅི་ཟེར་ཨིནམ་ད་ བཅོ་ཁང་དེ་ཚུ་ སྤོ་བཤུད་འབད་བ་ཅིན་ སྒེར་ས་ཚུ་ནང་ གོང་འཕེལ་གྱི་ལས་སྣ་ཚུ་ འགོ་འདྲེན་འཐབ་ཐོག་ལས་ སྡོད་ཁྱིམ་མ་ལང་པའི་ དཀའ་ངལ་དེ་ཡང་ བསལ་ཚུགས་ནི་མས་ཟེར་ཨིན་པས། སྣུམ་འཁོར་བཅོ་ཁང་གི་ ས་ཁོངས་ཚུ་ནང་ གོ་དོག་དྲགས་ཡོད་པའི་ དཀའ་ངལ་སེལ་ཐབས་ལུ་ ཁྲོམ་སྡེ་གིས་ བཅོ་ཁང་གི་ ཇོ་བདག་ཚུ་ལུ་ ས་ཆ་ཉུང་ཤོས་ཕིཊ་གྲུ་བཞི་༡༠,༠༠༠ བགོ་བཀྲམ་འབད་ཡོདཔ་ཨིན་པས།སྣུམ་འཁོར་བཅོ་ཁང་ཅིག་གི་ཇོ་བདག་ གླང་ཀྲུ་གིས་ སླབ་མིའི་ནང་ ཁོ་གི་བཅོ་ཁང་དེ་ སྒེར་ས་ནང་ སྡོད་མི་ལུ་བརྟེན་ སྤྱི་ལོ་༢༠༡༦ རྫོགས་ཁམས་ཅིག་ཁར་ ས་ཁོངས་གསརཔ་ནང་ སྤོ་བཤུད་འབད་ཡི་ཟེར་ཨིན་པས།ཁོ་གིས་འབད་བ་ཅིན་ ས་ཁོངས་གསརཔ་ནང་ སྤོ་བཤུད་འབད་མི་དེ་གིས་ ཁེ་ཕན་ཡོད་མི་དེ་ཡང་ ད་རེས་ ཁོ་གིས་ ལོ་༡ ནང་ དངུལ་ཀྲམ་༣༠,༠༠༠ ལས་ སྤྲོད་མི་དགོ་ཟེར་ཨིནམ་ད་ ཧེ་མའི་ས་ཁོངས་ནང་ དངུལ་ཀྲམ་༡༦,༠༠༠ དེ་ཅིག་ སྤྲོད་དགོ་མི་ལུ་བརྟེན་ཨིན་ཟེར་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ སྐལ་བཟང་དབང་ཕྱུག།

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *