༉ ཁ་ཙ་ཕྱི་རུང་ བསམ་གྲུབ་ལྗངས་མཁར་རྫོང་ཁག་གི་ འདེམས་ཁོངས་༢ ཀྱི་ ངོས་ལེན་འགོ་དཔོན་ཡིག་ཚང་ཚུ་ནང་ འགྲེམ་ཐོག་ཚོགས་རྒྱན་༦,༦༠༠ ལྷགཔ་ཅིག་ ལྷོད་ཡོདཔ་ཨིན་པས།
ཇོ་མོ་གཙང་ཁ་-མར་ཚ་ལ་འདེམས་ཁོངས་ཀྱི་ ངོས་ལེན་འགོ་དཔོན་གྱིས་ འགྲེམ་ཐོག་ཚོགས་རྒྱན་གྱི་ ཡིག་ཤུབས་ཀ་པ་ཚུ་ ཁ་ཕྱེ་ཚར་ཡོད་རུང་ བདེ་བ་ཐང་-སྒོམ་དར་འདེམས་ཁོངས་ཀྱི་ ཡིག་ཤུབས་ཀ་པ་དེ་ ད་རིས་དྲོ་པར་ ཁ་ཕྱེ་ནི་ འགོ་བཙུགས་ནི་ཨིན་པས།
གསང་བའི་ཚོགས་རྒྱན་ཡོད་མི་ ཡིག་ཤུབས་ཁ་པ་ཚུ་ ད་རིས་ཉིན་མའི་ཆུ་ཚོད་༡ ལས་ ཁ་ཕྱེ་ནི་ འགོ་བཙུགས་ནི་ཨིན་པས།
ཇོ་མོ་གཙང་ཁ་-མར་ཚ་ལ་འདེམས་ཁོངས་ཀྱི་དོན་ལུ་ འགྲེམ་ཐོག་རྒྱན་ཤོག་ལྷན་ཐབས་ས་ཁོངས་ཚུ་ལས་ བཙུགས་མི་ཚུ་བརྩིས་ཏེ་ ཚོགས་རྒྱན་བསྡོམས་༣,༦༡༡ ཡོད་མི་ལས་༩༡༨ འགྲེམ་ཐོག་ཚོགས་རྒྱན་སྐྱུར་མི་ཚུ་ལུ་ བསྐྱལ་ཡོདཔ་བཞིན་དུ་ ངོས་ལེན་འགོ་དཔོན་ཡིག་ཚང་གིས་༨༦༩ ཐོབ་མི་ལས་༧༡༢ ཕོ་སྐྱེས་ཚུ་གིས་ བཏང་ཡོདཔ་ཨིན་པས།
འདེམས་ཁོངས་དེ་ནང་བཏང་མི་ འགྲེམ་ཐོག་ཡིག་ཤུབས་ཀ་པ་ ཁ་ཕྱེ་སྟེ་ལྟཝ་ད་ ཚོགས་རྒྱན་༣༦ ཆ་མེད་སོང་ཡོདཔ་ད་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཚོགས་རྒྱན་ལ་ལོ་ཅིག་ ཡིག་ཤུབས་ཁ་པའི་ནང་ བཙུགས་ཏེ་ཡོདཔ་མ་ཚད་ ལ་ལོ་ ངོ་སྤྲོད་གསལ་བསྒྲགས་ལག་ཁྱེར་འབྲི་ཤོག་ནང་འཛོལ་ཏེ་ གསལ་བཀོད་འབད་ནུག་ཟེར་ཨིན་པས།
དེ་མ་ཚད་ གསང་བའི་ཚོགས་རྒྱན་༤༠ ལྷགཔ་ཅིག་ལུ་ ངོ་སྤྲོད་གསལ་བསྒྲགས་ལག་ཁྱེར་མེདཔ་ཨིན་པས།
འགོ་དཔོན་ཚུ་གིས་ འབད་བ་ཅིན་ ཚོགས་རྒྱན་བཙུགས་ཡོད་པའི་ ཡིག་ཤུབས་ཁ་པ་ ཁ་ཕྱེ་ནི་དེ་ ད་རིས་ འདེམས་ངོ་དང་ ཡང་ཅིན་ ཁོང་རའི་ངོ་ཚབ་ཚུ་དང་ གྲོས་བསྟུན་ཐོག་ ཐག་བཅད་འོང་ཟེར་ཨིན་པས།
ཚོགས་རྒྱན་ཆ་མེད་སོང་མི་ཚུ་ འགྲེམ་ཐོག་རྒྱན་ཤོག་ལྷན་ཐབས་ས་ཁོངས་ཚུ་ནང་ལས་ བཙུགས་མི་དེ་ ཉུང་སུ་ཡོད་རུང་ ད་རིས་ ཡིག་ཤུབས་ཁ་པ་ ཁ་ཕྱེཝ་ད་ གྱངས་ཁ་ཡར་སེང་འགྱོ་ནི་གི་ འོས་འབབ་ཡོདཔ་ཨིན་པས།
ཇོ་མོ་གཙང་ཁ་-མར་ཚ་ལ་འདེམས་ཁོངས་ནང་ ཐོ་བཀོད་ཅན་གྱི་ ཚོགས་རྒྱན་སྐྱུར་མི་༡༡,༢༣༩ ཡོད་མི་ལས་༥,༣༡༤ ཕོ་སྐྱེས་ཨིནམ་ད་ ཚོགས་རྒྱན་ས་ཁོངས་༢༤ ཡོདཔ་ཨིན་པས།
འདེམས་ཁོངས་༢ ནང་ ཐོ་བཀོད་ཅན་གྱི་ ཚོགས་རྒྱན་བཙུགས་མི་༢༥,༨༢༦ ཡོདཔ་ཨིན་པའི་གནས་ཚུལ།