བསམ་གྲུབ་ལྗོངས་མཁར་ལུ་ བཙག་འཐུའི་འུར་བྱེལ་ ཤུགས་ལང་དོ་ཡོདཔ།

༉ རྒྱལ་ཡོངས་ཚོགས་འདུའི་ འགོ་ཐོག་བཙག་འཐུ་ འགོ་འདྲེན་འཐབ་ནི་ལུ་ ཉིན་གྲངས་༩ ལས་བརྒལ་མེདཔ་ལས་ བདེ་བ་ཐང་-སྒོམ་དར་འདེམས་ཁོངས་ཀྱི་ འདེམས་ངོ་ཚུ་གིས་ སྒོ་བཤལ་རྐྱབ་ཐོག་ལས་ སྐུལ་བསྒྲུགས་འབདཝ་ཨིན་པས།

གཡུས་ཚན་མང་ཤོས་ཅིག་ནང་ འདེམས་ངོ་དང་ ཁོང་གི་ འགོ་འདྲེན་པ་ཚུ་གིས་ ཚར་༣ ལྟ་སྐོར་འབད་ཡོད་རུང་ ཚོགས་རྒྱན་བཙུགས་མི་ཚུ་གིས་འབད་བ་ཅིན་ ཚོགས་པ་ག་ར་ལུ་ འཁོར་ལམ་དང་ གསོ་བའི་ཞབས་ཏོག་ ཡར་དྲག་གཏང་ནི་དང་ ཟམ་རྐྱབ་ནི་ དེ་ལས་ བློ་གཏད་ཚུགས་པའི་ གློག་མེ་ཡོདཔ་ ངེས་བརྟན་བཟོ་ནི་ལ་སོགས་པའི་ ཁས་བླངས་ཚུ་འདུག་ཟེར་ཨིན་པས།

ཚོགས་རྒྱན་བཙུགས་མི་ཚུ་གིས་ སྒོ་བཤལ་རྐྱབ་སྟེ་ སྐུལ་བསྒྲགས་འབད་མི་དེ་གིས་ ཁྱད་པར་བཟོ་ཚུགས་ཟེར་ སླབ་ཨིན་རུང་ འདེམས་ངོ་ཚུ་གིས་འབད་བ་ཅིན་ སྐུལ་བསྒྲགས་ཀྱི་དོན་ལུ་ དུས་ཚོད་ལེ་ཤ་མེད་ཟེར་ཨིན་པས།

སྲིད་དོན་ཚོགས་པའི་ གཙོ་འཛིན་དང་ འདེམས་ཁོངས་ནང་ འདེམས་ངོ་ཨམ་སྲུ་ཕུད་རྡོག་གཅིག་ལས་མེད་མི་ གནས་བརྟན་བཟང་མོ་གིས་ བཙག་འཐུའི་དོན་ལུ་ ན་གཞོན་ཕོ་སྐྱེས་༣ དང་གཅིག་ཁར་ དོ་འགྲན་འབད་ནི་ཨིན་རུང་ ཐོ་བཀོད་ཅན་གྱི་ ཚོགས་རྒྱན་སྐྱུར་མི་༡༤,༥༨༧ དེ་ཅིག་ ཡོད་མི་ལས་ བརྒྱ་ཆ་༥༡.༥ ཨམ་སྲུ་ཨིནམ་ལས་ ཚོགས་པ་ག་ར་གིས་ རྒྱབ་སྐྱོར་ལེགས་ཤོམ་འཐོབ་མ་ཚུགས་པའི་ དོགས་པ་མེདཔ་ཨིན་པས།

འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ཨྱོན་རྡོ་རྗེ་དེ་ ཝང་ཕུག་ཡར་ཕུག་ལས་ཨིནམ་ལས་ ཉེ་འདབས་ཀྱི་ སྒོམ་དར་རྒེད་འོག་ནང་ཡང་ ཡོངས་གྲགས་ཡོདཔ་ད་ རྒེད་འོག་༢ བསྡོམས་ད་ ཚོགས་རྒྱན་བཙུགས་མི་ ལེ་ཤ་ཡོདཔ་ལས་ ཁོ་གི་ རྒྱབ་སྐྱོར་པ་ཚུ་གིས་འབད་བ་ཅིན་ འབྲུག་ཕུན་སུམ་ཚོགས་པ་ གཞུང་སྐྱོང་འབད་བའི་སྐབས་ ཁོ་གིས་ འཁོར་ལམ་དང་ གོང་འཕེལ་ལེ་ཤ་འབག་འོང་ཡི་ཟེར་ཨིན་པས།

ཨིན་རུང་ སྤྱི་ལོ་༢༠༡༣ ལུ་ འདེམས་ཁོངས་ཀྱིས་ མི་སེར་དམངས་གཙོ་ཚོགས་པའི་ ཤེས་རིག་བློན་པོ་བགྲེསཔ་ མིང་བོ་འབྲུག་པ་བཙག་འཐུ་འབད་ཡོདཔ་ད་ དེ་བསྒང་ འདེམས་ཁོངས་ནང་ལས་ ཨྱོན་རྡོ་རྗེ་གིས་ ཚོགས་རྒྱན་༣,༥༩༤ དང་ མིང་བོ་འབྲུག་པ་གིས་ ཚོགས་རྒྱན་༣,༩༧༠ ཐོབ་ཡོདཔ་བཞིན་དུ་ འོས་ལྡན་གྱི་ ཚོགས་རྒྱན་བཙུགས་མི་༡༢,༣༣༠ དེ་ཅིག་ ཐོ་བཀོད་འབད་མི་ལས་ བརྒྱ་ཆ་༦༡ གིས་ ཚོགས་རྒྱན་བཙུགས་ཡོདཔ་ཨིན་པས།

འབྲུག་ཀུན་མཉམ་ཚོགས་པའི་གཙོ་འཛིན་ གནས་བརྟན་བཟང་མོ་གིས་ རྒེད་འོག་ཚུ་ནང་གི་ སྤྱིར་སྙོམས་འཛོམས་འདུ་དང་ ཁྲོམ་སྡེ་ནང་རྐྱངམ་གཅིག་མ་གཏོགས་ སྐུལ་བསྒྲགས་དེ་ཅིག་ འབད་མ་ཚུགས་རུང་ བསམ་གྲུབ་ལྗོངས་མཁར་བརྩོན་ཤུགས་ནང་ ལཱ་འབད་ཡོད་པའི་ ཉམས་མྱོང་དེ་གིས་ སོ་ནམ་པ་དང་ ཉེ་འདབས་ཀྱི་ གཡུས་ཚན་ཚུ་དང་གཅིག་ཁར་ ཕན་ཐོགས་བྱུང་ནུག།

མོ་གིས་ ཁས་བླངས་གསལ་བསྒྲགས་ཚུ་ འབད་བའི་སྐབས་ཡང་ སོ་ནམ་དང་ སྒོ་ནོར་ཐོན་སྐྱེད་ལ་སོགས་པའི་ ནང་འཁོད་ཐོན་སྐྱེད་ཚུ་ ཡར་དྲག་དང་ གོང་འཕེལ་གཏང་ནི་ཟེར་ སླབ་ཡོདཔ་ཨིན་པས།

གོ་ཤེས་ཉན་ཤེས་ཅིག་ཨིན་མི་ བསོད་ནམས་གཡང་འཛོམས་ཀྱིས་ སླབ་མིའི་ནང་ ཕོ་སྐྱེས་ཚུ་དང་གཅིག་ཁར་ དོ་འགྲན་འབད་ནི་དེ་ ཨམ་སྲུ་ཚུ་ལུ་ གདོང་ལེན་འོང་ནི་ཨིན་རུང་ མོ་ར་མ་འདྲཝ་ཅིག་ཨིནམ་ལས་ ལ་ལོ་ཅིག་གིས་ གནས་བརྟན་བཟང་མོ་དེ་ ཕྱག་ཞུ་མི་ངོ་མ་ཅིག་སྦེ་ མཐོངམ་མས་ཟེར་ཨིན་པས།

གནས་བརྟན་བཟང་མོ་དང་གཅིག་ཁར་ བདེ་བ་ཐང་ལུ་ ཐོ་བཀོད་འབད་མི་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ དབང་འདུས་རྒྱལ་མཚན་དང་ འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ འཕྲིན་ལས་རྣམ་རྒྱལ་༢ ལུ་ཡང་ ཁོང་རའི་ཁེ་ཕན་ཚུ་ ཡོདཔ་ཨིན་པས།

ཤེས་རིག་བློན་པོ་བགྲེསཔ་ མིང་བོ་འབྲུག་པའི་ཚབ་ དབང་འདུས་རྒྱལ་མཚན་གྱི་ རྒྱབ་སྐྱོར་པ་ཚུ་གིས་ རྫོང་ཁག་ནང་ སློབ་གྲྭ་ལྟེ་བ་གཞི་བཙུགས་འབད་མི་ཚུ་བརྩིས་ཏེ་ རྒེད་འོག་ནང་ གོང་འཕེལ་ལེ་ཤ་བཏང་ཡི་ཟེར་ བཤདཔ་ཨིན་པས།

ཕུན་ཚོགས་ཐང་རྒེད་འོག་ནང་ ཚོགས་རྒྱན་བཙུགས་མི་ མཐོ་ཤོས་ཡོདཔ་ལས་ འབྲུག་མཉམ་རུབ་ཚོགས་པའི་གཙོ་འཛིན་ བློ་གྲོས་ཚེ་རིང་དང་ འབྲུག་ཀུན་མཉམ་ཚོགས་པའི་གཙོ་འཛིན་ གནས་བརྟན་བཟང་མོ་༢ ཆ་ར་གིས་ ས་གནས་ཀྱི་ མི་ཚུ་དང་ཕྱད་དེ་ ཁས་བླངས་གསལ་བསྒྲགས་ཚུ་འབད་ཡི།

བློ་གྲོས་ཚེ་རིང་གིས་ རྫོང་ཁའི་ནང་ སླབ་ཡོདཔ་ལས་ ཚོགས་རྒྱན་བཙུགས་མི་ཚུ་ལུ་ གོ་དོན་ཧ་མ་གོ་བའི་ དཀའ་ངལ་བྱུང་ཡོདཔ་ད་ གནས་བརྟན་བཟང་མོ་གིས་ ལྷོ་མཚམས་ཁ་དང་ ཚང་ལ་ཁ་ནང་ གསལ་བཤད་འབད་ཡི།

ཚོགས་པའི་འགོ་འདྲེན་པ་ཚུ་གིས་ ཁྱིམ་གུང་པ་ཚུ་ ཚོགས་པ་ག་ལུ་ རྒྱབ་སྐྱོར་འབདཝ་ཨིན་ན་ ངོས་འཛིན་འབད་ཚུགས་དོ་ཡོད་པའི་གནས་ཚུལ།

བསམ་གྲུབ་ལྗོངས་མཁར་ལས་ སྐལ་བཟང་དབང་ཕྱུག།

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *