༉ བསམ་གྲུབ་ལྗོངས་མཁར་ཁྲོམ་ཁར་ཡོད་མི་ གློག་བརྙན་ཁང་དེ་ སྤྱི་ལོ་༡༩༥༠ ང་གྲངས་ལུ་ རྐྱབ་ཡོདཔ་ལས་ རྒྱལ་ཁབ་ནང་ གློག་བརྙན་ཁང་དང་པ་དང་ རྙིང་ཤོས་ཅིག་ཨིན་པས།
དེ་བསྒང་ འབྲུག་པའི་གློག་བརྙན་མེདཔ་ལས་ མི་ཚུ་གིས་ མང་ཤོས་ར་ རྒྱ་གར་གྱི་ ཧིན་དིའི་གློག་བརྙན་ཚུ་ བལྟ་ཡོདཔ་ཨིན་པས།
འབྲུག་པའི་གློག་བརྙན་ཚུ་ ཡར་རྒྱས་འགྱོ་བའི་ ནམ་དུས་ལུ་ དེ་བསྒང་ མིང་གཏམ་ཅན་ཅིག་ཨིན་མི་ གློག་བརྙན་ཁང་དེ་ ད་རེས་ནངས་པར་ ཅ་ཆས་ཚུ་བཞག་སའི་ དོ་ཁང་སྦེ་ ལག་ལེན་འཐབ་མ་ཚད་ སྒྲིང་ཁྱིམ་རྙིངམ་ ཐལ་མི་ལུ་བརྟེན་ བསམ་གྲུབ་ལྗོངས་མཁར་ཁྲོམ་གྱི་ མཐོང་སྣང་དེ་ མཛེས་ཆ་དང་ལྡནམ་སྦེ་ མཐོང་གསལ་མི་བྱུང་པས།
ཁྲོམ་ཁ་ལུ་ གློག་བརྙན་ཁང་གི་ མཐུན་རྐྱེན་མེད་ནི་དེ་གིས་ རྫོང་ཁག་ནང་ འབྲུག་པའི་གློག་བརྙན་ སྟོན་པར་འོང་མི་ཚུ་གིས་ སློབ་གྲྭའི་སྤྱི་དོན་ཁང་ཚུ་ནང་ མི་མང་ལུ་ སྟོན་དོ་ཡོདཔ་ཨིན་པས།
གློག་བརྙན་སྟོན་པར་འོང་མི་ སྐྱེས་ལོ་༢༢ ལང་མི་ བྱང་ཆུབ་རྒྱལ་མཚན་གྱིས་ གློག་བརྙན་ང་བསོད་ནམས་ཀུན་དགའ་རྣམ་རྒྱལ་ཟེར་མི་དེ་ སྤྱི་ཟླ་༨ པའི་ཚེས་༡༠ ལས་༡༢ ཚུན་ བསམ་གྲུབ་ལྗོངས་མཁར་འབྲིང་རིམ་སློབ་གྲྭའི་བར་མའི་ སྤྱི་དོན་ཁང་ནང་ སྟོན་ནིའི་དོན་ལུ་ ཁྱབ་བསྒྲགས་འབད་ནུག།
ཁོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ སྤྱི་དོན་ཁང་ནང་ རིམ་གྲོ་འབད་བའི་བསྒང་ཨིནམ་ལས་ ཁྱབ་བསྒྲགས་འབད་མི་དང་འཁྲིལ་ གློག་བརྙན་སྟོན་མ་ཚུགས་ནི་དེ་གིས་ གྱོང་རྒུད་ཕོག་ཡོདཔ་མ་ཚད་ སྤྱི་ཟླ་༨ པའི་ཚེས་༡༤ ལས་༡༦ ཚུན་ སྟོན་ནིའི་དོན་ལུ་ ད་རུང་ ཟད་འགྲོ་བཏང་ཐོག་ལས་ ཁྱབ་བསྒྲགས་འབད་དགོཔ་ ཐོན་ཡི་ཟེར་ཨིན་པས།
བྱང་ཆུབ་རྒྱལ་མཚན་གྱིས་ སླབ་མིའི་ནང་ སྤྱི་དོན་ཁང་ནང་ སྡོད་ཁྲི་མེདཔ་ལས་ སྐྱེལ་འདྲེན་གྱི་ ཟད་འགྲོ་བཏང་ཐོག་ བསམ་གྲུབ་ལྗོངས་མཁར་སློབ་གྲྭ་ཆུང་བ་ལས་ སྡོད་ཁྲི་འབག་འོང་དགོཔ་ ཐོན་སོ་ཡི་ཟེར་ཨིནམ་ད་ གློག་བརྙན་ཁང་ཡོད་པ་ཅིན་ དེ་བཟུམ་མའི་ གདོང་ལེན་མ་བྱུངམ་འོང་ཟེར་ བཤདཔ་ཨིན་པས།
མི་ཚུ་གིས་འབད་རུང་ གློག་བརྙན་བལྟ་ནིའི་དོན་ལུ་ གློག་བརྙན་ཁང་དེ་ར་ གདམ་ཁ་རྐྱབ་དོ་ཡོདཔ་ལས་ སྤྱི་དོན་ཁང་ཚུ་ནང་ མི་ལེ་ཤ་མི་འོང་པས་ཟེར་ཨིནམ་ད་ གནད་དོན་དེ་ལུ་བརྟེན་ འཕྲལ་འཕྲལ་ར་ ལཱ་འབད་མི་དང་ སྤྱི་དོན་ཁང་གི་འཐུས་ར་ ཐོན་མ་ཚུགས་པའི་ གདོང་ལེན་བྱུངམ་མས་ཟེར་ བྱང་ཆུབ་རྒྱལ་མཚན་གྱིས་ བཤད་པའི་ཁར་ གློག་བརྙན་ཚར་༡ སྟོནམ་ད་ འཐུས་དངུལ་ཀྲམ་༢,༠༠༠ རེ་ སྤྲོད་ཡོདཔ་ཨིན་པས།
སྐྱེས་ལོ་༣༠ ལང་མི་ པདྨ་ལྷ་སྒྲོན་གྱིས་ བསམ་གྲུབ་ལྗོངས་མཁར་ལུ་ འབྲུག་པའི་གློག་བརྙན་ཚུ་ ལོ་རེའི་ནང་༡ དང་༢ དེ་ཅིག་ལས་ སྟོན་ནི་མེདཔ་ལས་ འཕྲལ་འཕྲལ་ལྷོད་པའི་སྐབས་ གློག་བརྙན་ཁང་མེདཔ་ད་ སྤྲོ་བའི་ཐོག་ལས་ གློག་བརྙན་བལྟ་མི་ཚུགས་པས་ཟེར་ བཤདཔ་ཨིན་པས།
མོ་གིས་འབད་བ་ཅིན་ གློག་བརྙན་ཁང་ཚུ་ནང་ སྡོད་ཁྲི་ལ་སོགས་པའི་ མཐུན་རྐྱེན་ལེགས་ཤོམ་ཚུ་ཡོདཔ་ལས་ གློག་བརྙན་བལྟ་བའི་སྐབས་ སྤྲོ་བ་བྱུངམ་ལས་ གཞུང་དང་ ཡང་ཅིན་ སྒེར་གྱི་ཁ་ཐུག་ལས་འབད་རུང་ གློག་བརྙན་ཁང་ཅིག་ བཟོ་སྐྲུན་འབད་ཚུགས་པ་ཅིན་ ག་ར་ལུ་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིན་པས།
སྐྱེས་ལོ་༤༠ ལང་མི་ དངོས་གྲུབ་བཟང་མོ་དང་ ཆ་རོགས་ཚུ་གིས་ གནམ་བྱཱར་གྱི་སྐབས་ བསམ་གྲུབ་ལྗོངས་མཁར་ལུ་ ཚདཔ་ཚ་དོ་ཡོདཔ་ལས་ སློབ་གྲྭའི་སྤྱི་དོན་ཁང་ལ་སོགས་པ་ཚུ་ནང་ གློག་བརྙན་བལྟ་ནི་དེ་ དཀའ་སྡུག་ཅིག་ཨིན་རུང་ བྱ་ཐབས་མེད་པར་ བལྟ་དགོ་པས་ཟེར་ བཤདཔ་ཨིན་པས།
འབྲུག་གློག་བརྙན་ཚོགས་པའི་གཙོ་འཛིན་ ཀརྨ་ཚེ་རིང་གིས་ སླབ་མིའི་ནང་ བསམ་རྩེ་དང་ དབང་འདུས་བ་འཇོ་ དེ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ གློག་བརྙན་ཁང་བཟོ་སྐྲུན་འབད་ནིའི་དོན་ལུ་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ གློག་བརྙན་ཚོགས་པ་ལུ་ སའི་སྐྱིད་སྡུག་གནང་ཡོདཔ་ལས་ དང་པ་ར་ བསམ་གྲུབ་ལྗོངས་མཁར་ལུ་ བཟོ་སྐྲུན་འབད་ནི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གློག་བརྙན་ཁང་ཚུ་ བཟོ་སྐྲུན་གོང་འཕེལ་ལས་འཛིན་གྱིས་ བཟོ་སྐྲུན་འབད་ནི་དང་ དེ་གི་དོན་ལུ་ གཞུང་གིས་ མ་དངུལ་རྒྱབ་སྐྱོར་གནང་དོ་ཟེར་ ཨིན་པའི་གནས་ཚུལ།
བསམ་གྲུབ་ལྗོངས་མཁར་ལས་ སྐལ་བཟང་དབང་ཕྱུག།