༉ བསམ་གྲུབ་ལྗོངས་མཁར་ལུ་ ལྷན་ཐབས་ཚོགས་རྒྱན་གྱི་ ཞབས་ཏོག་དེ་ སྤྱི་ཟླ་༤ པའི་ཚེས་༡༤ ལུ་ མཇུག་བསྡུ་ཡོདཔ་བཞིན་དུ་ ཐོ་བཀོད་ཅན་གྱི་ ཚོགས་རྒྱན་བཙུགས་མི་ བརྒྱ་ཆ་ལས་༧༣ གྱིས་ ལྷན་ཐབས་ཚོགས་རྒྱན་ཞབས་ཏོག་ ལག་ལེན་འཐབ་སྟེ་ རང་སོའི་ འགྲེམ་ཐོག་ཚོགས་རྒྱན་ཚུ་ བཙུགས་ཡོདཔ་ཨིན་པས།
དེ་ཡང་ རྫོང་ཁག་ནང་ ཞབས་ཏོག་དེ་གི་དོན་ལུ་ ཐོ་བཀོད་ཅན་གྱི་ ཚོགས་རྒྱན་བཙུགས་མི་༢༥༧༥ ཡོད་ས་ལས་ ས་ཁོངས་ནང་ ཚོགས་རྒྱན་བཙུགས་ནིའི་དོན་ལུ་ ཉིནམ་༣ གྱི་ནང་འཁོད་ལུ་ མི་གྲངས་༡༨༩༡ གིས་ ཚོགས་རྒྱན་བཙུགས་ནུག།
རྫོང་ཁག་གི་དོན་ལུ་ ཚོགས་རྒྱན་བཙུགས་སའི་ས་ཁོངས་༥ གཞི་བཙུགས་འབད་ཡོད་ས་ལས་ བསམ་གྲུབ་ལྗོངས་མཁར་ཁྲོམ་གྱི་དོན་ལུ་ བསམ་གྲུབ་ལྗོངས་ཁར་འབྲིང་རིམ་སློབ་གྲྭ་བར་མའི་ ཚོགས་རྒྱན་བཙུགས་སའི་ས་ཁོངས་ནང་ ཐོ་བཀོད་ཅན་གྱི་ ཚོགས་རྒྱན་བཙུགས་མི་༡༢༣༩ ལས་༨༨༢ ཀྱིས་ ཚོགས་རྒྱན་བཙུགས་ཡོདཔ་ཨིན་པས།
རྫོང་ཁག་བཙོན་ཁང་གི་ས་ཁོངས་ནང་ གཞི་བཙུགས་འབད་མི་ ཚོགས་རྒྱན་ས་ཁོངས་ནང་ ཐོ་བཀོད་འབད་མི་༡༠ ལས་ བཙོན་པ་༩ གིས་ ཚོགས་རྒྱན་བཙུགས་ནུག།
བདེ་བ་ཐང་ འཇིགས་མེད་རྣམ་རྒྱལ་བཟོ་རིག་མཐོ་རིམ་སློབ་གྲྭ་ནང་ གཞི་བཙུགས་འབད་མི་ ཚོགས་རྒྱན་ས་ཁོངས་ནང་ ཐོ་བཀོད་ཅན་གྱི་ ཚོགས་རྒྱན་བཙུགས་མི་༨༡༤ ཡོད་ས་ལས་༦༣༦ འོང་ནུག།
ཇོ་མོ་གཙང་ཁའི་ ཚོགས་རྒྱན་ས་ཁོངས་ནང་འབད་བ་ཅིན་ ཐོ་བཀོད་ནང་ ཚོགས་རྒྱན་བཙུགས་མི་༡༣༠ ཡོད་ས་ལས་༡༠༠ གིས་ ཚོགས་རྒྱན་བཙུགས་ནུག།
ཕུན་ཚོགས་ཐང་སློབ་གྲྭ་བར་མའི་ནང་ གཞི་བཙུགས་འབད་མི་ ཚོགས་རྒྱན་ས་ཁོངས་ནང་ མི་༢༦༦ འོང་ཡོདཔ་ད་ དེ་ནང་ ཐོ་བཀོད་ཅན་གྱི་མི་༣༨༢ ཡོདཔ་ཨིན་པས།
བཙག་འཐུའི་ཉིནམ་ སྦོ་ལོགས་ཁར་ ལྷོད་མི་དང་བསྟུན་ བཙག་འཐུ་ཡིག་ཚང་གིས་ གྲ་སྒྲིག་འབད་དོ་ཡོདཔ་ད་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་འོག་གི་ ཇོ་མོ་གཙང་ཁ་དྲུང་ཁག་གི་དོན་ལུ་ ཚོགས་རྒྱན་འགོ་དཔོན་སྡེ་ཚན་ཅིག་ འཕྲུལ་ཆས་དང་སྦྲགས་ སྤྱི་ཟླ་༤ པའི་ཚེས་༡༣ ལས་ བཏང་ཡོདཔ་ཨིན་པས།
སྡེ་ཚན་ནང་ དྲུང་ཁག་འོག་གི་ རྒེད་འོག་༣ ནང་ ཚོགས་རྒྱན་ས་ཁོངས་༡༤ ཡོད་མི་ཚུ་ནང་ ཚོགས་རྒྱན་འགོ་དཔོན་༡༠༠ དང་ ཚོགས་རྒྱན་འཕྲུལ་ཆས་༢༨ བཏང་ཡོདཔ་ཨིན་པས།
རྫོང་ཁག་བཙག་འཐུ་འགོ་དཔོན་གྱིས་ སླབ་མིའི་ནང་ སྡེ་ཚན་དེ་ ཧེ་མ་ལས་ བཏང་དགོ་མི་དེ་ཡང་ དྲུང་ཁག་ནང་ རྒྱ་གར་ཨ་སམ་གྱི་ ས་མཚམས་ལམ་བདའ་འགྱོ་དགོ་ནི་དེ་གིས་ བྱེལཝ་ཚུ་ལུ་བརྟེན་ ཏན་ཏན་མེད་ནི་དེ་གིས་ ཨིན་ཟེར་ཨིན་པས།
ཁ་ཙ་ལས་འགོ་བཙུགས་ རྫོང་ཁག་གི་ ས་གནས་ཁག་༢ ནང་ ཚོགས་རྒྱན་འགོ་དཔོན་ཚུ་ལུ་ ཁ་གསོའི་སྦྱོང་བརྡར་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།
བཙག་འཐུ་གི་ ཁ་གསོའི་སྦྱོང་བརྡར་དེ་ ད་རིས་ མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།
བསམ་གྲུབ་ལྗོངས་མཁར་ལས་ ཚེ་རིང་རྣམ་རྒྱལ།