༉ བསམ་གྲུབ་ལྗོངས་མཁར་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེ་གི་ གདམ་ངོའི་འཛོམས་འདུ་དེ་ ཁ་ཙ་ བདེ་བ་ཐང་ཁྲོམ་ཁར་སྦེ་ འགོ་འདྲེན་འཐབ་ཐོག་ལས་ མཇུག་བསྡུ་ཡི།
ཁྲོམ་སྡེའི་འཛོམས་འདུ་དེ་ཡང་ ཨ་རྟག་ཧར་ལུགས་སྦེ་ར་ བཙག་འཐུ་འགོ་དཔོན་ཚུ་གིས་ ཚོགས་རྒྱན་བཙུགས་པར་ འོང་མི་ཚུ་ལུ་ བཙག་འཐུའི་རྒྱབ་ཁུངས་དང་ དགོས་པ་ ལམ་ལུགས་ དེ་ལས་ ཚོགས་སྡེའི་འདེམས་ངོ་ཚུ་གི་ ཁྱད་ཚད་ལ་སོགས་པ་ཚུ་གི་སྐོར་ལས་ གོ་བརྡ་སྤྲོད་པའི་ཤུལ་ལུ་ གདམ་ངོ་ཕུད་རྡོག་༡ ལས་བརྒལ་མེད་མི་ལུ་ དགོ་དང་མི་དགོའི་ཚོགས་རྒྱན་བཙུགས་པའི་སྐབས་ གདམ་ངོ་སངས་རྒྱས་བསྟན་འཛིན་གྱིས་ ཚོགས་རྒྱན་བཙུགས་མི་ ཡོངས་བསྡོམས་༡༤༡ འོང་མི་ཚུ་གི་གྲས་ལས་ དགོ་༡༢༣ དང་ མི་དགོ་༡༨ ཐོབ་སྟེ་ ཁྲོམ་སྡེའི་འདེམས་ངོ་སྦེ་ བཙག་འཐུ་གྲུབ་ནུག།
བདེ་བ་ཐང་ བང་ཚོ་ལས་སྐྱེས་ལོ་༤༥ ལང་མི་ སངས་རྒྱས་བསྟན་འཛིན་གྱིས་ གདམ་ངོ་སྦེ་ མ་འཐོན་པའི་ཧེ་མར་ ཞི་གཡོག་ནང་ཕྱག་སྡོད་ནུག།
བསམ་གྲུབ་ལྗོངས་མཁར་ ཁྲོམ་སྡེ་ཀ་པའི་འོག་ལུ་ཚུད་མི་ བདེ་བ་ཐང་ཁྲོམ་དང་ བསམ་གྲུབ་ལྗོངས་མཁར་ཁྲོམ་གཙོ་ཅན་ དེ་ལས་ ཉེ་འདབས་ཀྱི་གཡུས་ཚན་ཚུ་ནང་ལས་ ཐོ་བཀོད་ཅན་གྱི་ ཚོགས་རྒྱན་བཙུགས་མི་༨༤༤ དེ་ཅིག་ཡོད་ས་ལས་ ཚོགས་རྒྱན་བཙུགས་པར་འོང་མི་༡༤༡ རྐྱངམ་གཅིག་ཐོན་མི་དེ་ བརྒྱ་༡༦.༧ དེ་ཅིག་ཨིན་པས།
དེ་གི་ནང་ལས་ཡང་ བསམ་གྲུབ་ལྗོངས་མཁར་ཁྲོམ་གཙོ་ཅན་ནང་ ཐོ་བཀོད་ཅན་གྱི་ ཚོགས་རྒྱན་བཙུགས་མི་ ༡༧༠ ཡོད་ས་ལས་ མི་གྲངས་༩ རྐྱངམ་གཅིག་གིས་ ཚོགས་རྒྱན་བཙུགས་པར་འོང་ཡི།
བཙག་འཐུ་འགོ་དཔོན་ཚུ་དང་འཁྲིལ་བ་ཅིན་ འདས་པའི་བཙག་འཐུ་ནང་འབད་བ་ཅིན་ ཚོགས་རྒྱན་བཙུགས་སའི་ས་ཁོངས་དེ་ ཁྲོམ་ཁར་བཞག་ཡོད་རུང་ ཚོགས་རྒྱན་བཙུགས་པར་འོང་མི་ མངམ་མ་ཐོནམ་ལས་ དུས་ཅི་ བདེ་བ་ཐང་ལུ་ སྤོ་བཤུད་འབད་ཡོདཔ་ཨིན་པས།
ཚོགས་རྒྱན་བཙུགས་པར་འོང་མི་ རྒས་ཤོས་ཅིག་གིས་ སླབ་མིའི་ནང་ མི་མང་ཤོས་ཅིག་གིས་ བཙག་འཐུ་དེ་ སྣང་མེད་སྐྱུར་སུ་སྦེ་ བཞག་མི་བལྟ་བ་ཅིན་ ཚོགས་རྒྱན་བཙུགས་ནི་དེ་ཡང་ དམ་དམ་སྦེ་ ངེས་པར་དུ་ བཙུགས་བཅུག་དགོཔ་འདུག་ཟེར་ བསམ་འཆར་བཤད་ཅི།
ཚོགས་རྒྱན་བཙུགས་པར་འོང་མི་ དཔྱ་༣ ལས་༡ དེ་ཅིག་ རྒས་ཤོས་ཚུ་ཨིནམ་བཞིན་དུ་ དེ་ཚུ་གི་གྲས་ལས་གཅིག་ བསམ་གྲུབ་དགའ་ཚལ་གཡུས་ཚན་ནང་ལས་ སྐྱེས་ལོ་༧༥ ལང་མི་ ཨང་རྒས་བཙུམ་པི་ཨིན་པས།
མོ་གིས་ སླབ་མིའི་ནང་ གདམ་ངོ་སྦེ་ བཅའ་མར་གཏོགས་མི་ རང་གི་གཡུས་ཁའི་མི་དེ་ ཡོད་པ་ཅིན་ རང་གི་གཡུས་ཚན་ གོང་འཕེལ་གཏང་ནི་ལུ་ ཕན་ཐོགས་ནི་ཨིནམ་ལས་ ཚོགས་རྒྱན་བཙུགས་པར་འོང་ཡི་ཟེར་ཨིན་པས།
ད་རུང་ ཚོགས་རྒྱན་བཙུགས་པར་འོང་མི་གཞན་ བིམ་བཱ་དྷུར་ ཁར་ཀ་གིས་ སླབ་མིའི་ནང་ ད་ལྟོ་ ཁྲོམ་སྡེ་ནང་ལས་ ཉམས་མྱོང་ཅན་གྱི་ འདེམས་ངོ་སྒྲིང་སྒྲི་ཅིག་ ཐོན་ཡོདཔ་ལས་ ངལ་རངས་ཡོདཔ་ད་ ཤུལ་ལས་ གདམ་ཁ་ཡོད་པ་ཅིན་ མནོ་བསམ་གཏང་དགོཔ་འོང་ཟེར་ སླབ་ཨིན་པས།
རྫོང་ཁག་ནང་ གདམ་ངོའི་འཛོམས་འདུ་ མཇུག་བསྡུ་ཡོདཔ་བཞིན་དུ་ མཐའ་བཅད་ཀྱི་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་ནང་ བཅའ་མར་གཏོགས་མི་ རྫོང་ཁག་ནང་ལས་ གདམ་ངོ་༦ གཏན་འཁེལ་སོང་ཡོདཔ་ཨིན་པའི་གནས་ཚུལ།
བསམ་གྲུབ་ལྗོངས་མཁར་ལས་ ཚེ་རིང་རྣམ་རྒྱལ།