བསམ་གྲུབ་ལྗོངས་མཁར་རིན་བསྡུར་ཁང་ནང་ ཀེ་བའི་དོ་འབག་འོང་མི་ སོ་ནམ་པ་ཚུ་ སྒུག་སྡོད་པའི་བསྒང་།

བསམ་གྲུབ་ལྗོངས་མཁར་རིན་བསྡུར་ཁང་ནང་ ཀེ་བའི་དོ་ཚུ་ རུལ་འགྱོ་བའི་ཚ་གྱང་།

༉ བསམ་གྲུབ་ལྗོངས་མཁར་རིན་བསྡུར་ཁང་ནང་ ཀེ་བ་འབག་འོང་མི་ཚུ་ བདུན་ཕྲག་ལས་བཅད་དེ་ བཞག་པའི་སྐབས་ རུལ་དོ་ཡོད་མི་དེ་གིས་ གྱོང་རྒུད་ ཕོག་དོ་ཡོདཔ་ལས་ ཉེ་འདབས་ཀྱི་ ས་མཚམས་ཁྲོམ་སྡེའི་ བར་ཚོང་པ་ཚུ་ལུ་བཙོངམ་ད་ ཁེ་སང་ཡོད་རུང་ འགོ་དཔོན་ཚུ་གིས་ བཙོང་མ་བཅུག་པའི་ དཀའ་ངལ་ཡོདཔ་ཨིན་པས།
བཀྲིས་སྒང་ཨུ་མཛོ་རོང་ལས་ སྐྱེས་ལོ་༥༩ ལང་མི་ ཚེ་དབང་རྒྱལ་མཚན་གྱིས་ སླབ་མིའི་ནང་ རིན་བསྡུར་ཁང་ནང་ལྷོད་དེ་ ཉིནམ་༤ དེ་ཅིག་གི་ ཤུལ་ལས་རྐྱངམ་གཅིག་ ཀེ་བའི་དོ་ཚུ་ ཕབ་ཚུགས་ཅི་ཟེར་ཨིནམ་ད་ ད་རུང་ རིན་བསྡུར་འབད་ཚུགས་ཚུགས་ལུ་ ག་དེམ་ཅིག་ བསྒུག་དགོཔ་འཐོན་འོང་ག་ མི་ཤེས་པས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཀེ་བའི་དོ་ཚུ་ ཕབ་པའི་སྐབས་ ཀེ་བ་ལ་ལོ་ཅིག་ རུལ་དོ་ཡོདཔ་ལས་ ད་རུང་ ཉིནམ་དག་པ་ཅིག་ བསྒུག་དགོཔ་འཐོན་པ་ཅིན་ རུལ་ཚར་ནི་ཨིནམ་ལས་ འགོ་དཔོན་ཚུ་གིས་ སོ་ནམ་པའི་ ཕན་ཐོགས་ལུ་དམིགས་ཏེ་ བར་ཚོང་པ་ཚུ་ལུ་ བཙོང་བཅུག་ནི་དང་ ཡང་ཅིན་ རིན་བསྡུར་མགྱོགས་པ་འབད་བ་ཅིན་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིན་པས།
སྐྱེས་ལོ་༤༡ ལང་མི་ ཀུན་བཟང་གིས་ སླབ་མིའི་ནང་ འབྲུག་བཟའ་སྤྱོད་ལས་འཛིན་གྱིས་ ལག་ལེན་འཐབ་ཡོད་མི་ རིན་བསྡུར་ཁང་གི་ མཛོད་ཁང་དེ་ སྟོངམ་བཏོན་ཡོད་རུང་ ཀེ་བ་ཚུ་ རིན་བསྡུར་མགྱོགས་པར་འབད་མ་ཚུགས་པར་ མཛོད་ཁང་ནང་ ཡུན་རིངམོ་སྦེ་ བཞག་པའི་སྐབས་ རུལ་དོ་ཡོདཔ་ལས་ ཕན་ཐོགས་མིན་འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རིན་བསྡུར་འབད་མ་ཚུགས་པར་ལུས་མི་ཚུ་ ཉེ་འདབས་ཀྱི་ ས་མཚམས་ཁྲོམ་གྱི་ བར་ཚོང་པ་ཚུ་ལུ་ བཙོང་བཅུག་པ་ཅིན་ ཕན་ཐོགས་འབྱུང་ནི་ཨིན་མི་དེ་ཡང་ འཕྲལ་ཁམས་ཅིག་ཁར་ ཁོང་གི་ཆ་རོགས་ཚུ་གིས་ དེ་ཁའི་བར་ཚོང་པ་ཚུ་ལུ་ བཙོང་མི་དེ་གིས་ ཀེ་བ་ཚུ་ རུལ་མ་དགོ་པར་ དེ་འཕྲོ་ལས་ བཙོང་ཚུགས་པའི་ཁར་ བདུན་ཕྲག་ལས་བཅད་དེ་ བསྒུག་མ་དགོ་པའི་ ཕན་ཐོགས་ཡོད་ནི་དེ་གིས་ ཨིན་ཟེར་ཨིན་པས།
སོ་ནམ་པ་གཞན་མི་ཚུ་གིས་ སླབ་མིའི་ནང་ རིན་བསྡུར་ཁང་ནང་ ཀེ་བ་ཉོ་མི་ ལེ་ཤ་མེད་པའི་ཁར་ ནམ་ར་འབད་རུང་ ལོ་བསྟར་བཞིན་དུ་ ཉོ་མི་ཚུ་ དེ་ཚུ་ར་ འོང་དོ་ཡོདཔ་ད་ ཁོང་གིས་ ཀེ་བ་ལེ་ཤ་སྦེ་ མི་ཉོ་དོ་ཡོད་ལས་ ཀེ་བ་ཚུ་ རུལ་མི་བཅུག་ནིའི་དོན་ལུ་ བར་ཚོང་པ་ཚུ་ལུ་ བཙོངབཅུག་དགོཔ་དང་ ཡང་ཅིན་ ཀེ་བ་ཉོ་མི་ཚུ་ ཡར་སེང་འབད་དགོཔ་ འདུག་ཟེར་ཨིན་པས།
འཕྲལ་ཁམས་ཅིག་ཁར་ བཟའ་སྤྱོད་ལས་འཛིན་གྱི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ གནས་བརྟན་དབང་ཕྱུག་གིས་ བསམ་གྲུབ་ལྗོངས་མཁར་རིན་བསྡུར་ཁང་ནང་འོང་མི་ སོ་ནམ་པ་དང་ ཊཱག་དེད་གཡོགཔ་ དེ་ལས་ ཀེ་བ་ཉོ་མི་དང་གཅིག་ཁར་ ཕྱད་པའི་སྐབས་ སླབ་མིའི་ནང་ སོ་ནམ་པ་ཚུ་གིས་ ཀེ་བ་ག་ཏེ་བཙོང་རུང་ བཙོང་ཆོགཔ་ལས་ ངེས་པར་དུ་ རིན་བསྡུར་ཁང་ནང་ འབག་འོང་དགོ་པའི་ ལམ་ལུགས་མེད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཀེ་བའི་ཚོང་འབྲེལ་དེ་གིས་ ལོ་བསྟར་བཞིན་དུ་ ཁེབ་ས་བཟོ་མི་ཚུགས་ཟེར་ ཨིནམ་བཞིན་དུ་ འཕྲལ་འཕྲལ་མི་ཚུ་གིས་ རེ་འདོད་དང་བསྟུན་ ཞབས་ཏོག་སྤྲོད་མི་ཚུགས་དོ་ཡོད་རུང་ ད་ལས་ཕར་ གཏན་འཇགས་ཀྱི་ ཚོང་ཁྲོམ་འཚོལ་ནི་ལ་སོགས་པ་ཚུ་ལུ་ གཙོ་བོ་བཏོན་འོང་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ མི་ཚུ་གིས་ ཀེ་བ་ཚུ་ ག་ཏེ་ཡང་ བཙོང་ཆོག་རུང་ ཀེ་བའི་ཚོང་འབྲེལ་དེ་ བཟའ་སྤྱོད་ལས་འཛིན་གྱིས་ འབད་སྡོད་དེ་ཡོདཔ་བཞིན་དུ་ ད་ལྟོ་ཚུན་ སོ་ནམ་པ་ཚུ་ལུ་ གྱོང་རྒུད་ཕོག་མ་བཅུགཔ་མ་ཚད་ རིན་བསྡུར་ཁང་ནང་ འབག་འོང་མི་དེ་གིས་ ལོ་བསྟར་བཞིན་དུ་ ཀེ་བའི་ཐོན་སྐྱེད་ཐོ་བཀོད་ བཞག་ནི་ལུ་ཡང་ ཕན་ཐོགས་འབྱུང་འོང་ཟེར་ཨིན་པས།
མི་ཚུ་གིས་ ཀེ་བ་ཚུ་ ཉེ་འདབས་ཀྱི་ ས་མཚམས་ཁྲོམ་གྱི་ བར་ཚོང་པ་ཚུ་ལུ་ བཙོང་མི་དེ་གིས་ ཚོང་ཁྲོམ་ལུ་ གནོད་པ་ཡོད་མི་དེ་ཡང་ བར་ཚོང་པ་ཚུ་གིས་ ཉོ་མི་དེ་ ཡུན་རིང་མེན་པར་ གནས་སྐབས་ཀྱི་ ཚོང་འབྲེལ་ཨིན་པའི་ཁར་ རིན་བསྡུར་ཁང་ལས་ ཉོ་མི་ཚུ་གིས་ བཀྲམ་སྤེལ་འབད་མ་ཚུགས་པའི་ དཀའ་ངལ་ཡོད་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
གནས་བརྟན་དབང་ཕྱུག་གིས་ སླབ་མིའི་ནང་ བར་ཚོང་པ་ཚུ་ལུ་ བཙོང་མི་དེ་ མི་༡ དང་འཕྲལ་གྱི་ ཁེ་ཕན་རྐྱངམ་གཅིག་ཨིན་རུང་ དེ་གིས་ རྒྱལ་ཁབ་ནང་ ཀེ་བའི་ལཱ་འབད་མི་ག་ར་ལུ་ གནོད་པ་འབྱུང་འོང་ནི་ཨིནམ་ལས་ ཚོང་འབྲེལ་དེ་ དྭངས་གསལ་གྱི་ཐོག་ལས་ འབད་ཐབས་ལུ་ སོ་ནམ་པ་ཚུ་ལས་ཡང་ རྒྱབ་སྐྱོར་དགོ་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ གནད་དོན་དེ་ལུ་བརྟེན་ ས་མཚམས་སྒོ་རའི་ ཁྲིམས་སྲུང་འགག་པ་དང་ ཅ་དམ་འགོ་དཔོན་ཚུ་ལུ་ཡང་ སྙན་ཞུ་འབད་དེ་ཡོདཔ་ལས་ ཤུལ་ལས་ དེ་བཟུམ་མའི་ གནད་དོན་ཚུ་ མི་འཐོན་ནིའི་ རེ་བ་བསྐྱེདཔ་མ་ཚད་ སོ་ནམ་པ་ཚུ་གིས་ཡང་ སེྡ་ཚན་བཟོ་ཐོག་ལས་ ཀེ་བའི་ཚོང་འབྲེལ་གྱི་ལཱ་ཚུ་ འབད་བ་ཅིན་ ལེགས་ཤོམ་ཨིན་ཟེར་ ཨིན་པའི་གནས་ཚུལ།

བསམ་གྲུབ་ལྗོངས་མཁར་ལས་ སྐལ་བཟང་དབང་ཕྱུག།

 

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *